དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༡༡།༣༠ ཐོག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་དྷ་ས་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་དྷ་ས་ཉེན་རྟོག་པའི་ཐང་ཆེན་ (Police Ground) དུ་བོད་ཀྱི་རིག་གཞུང་དུས་སྟོན་དེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་ཁག་ནི། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་དིར་ཤར་མ་ (Sudhir Sharma) ལགས། ཨིན་ཡུལ་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་རི་ (Kerry McCarthy) ལགས། ཨིན་ཡུལ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཝེ་ར་ཧོབ་ཧའུས་ (Wera Hobhouse) ལགས། ཅི་ལིའི་གྲོས་ཚོགས་འཐུས་མི་ལིའུ་སི་མཱ་ལཱ་ཝ་ལེན་ཛུ་ལ་ (Luis Mala Valenzuela) ལགས་དང་། ཨེལ་སེལ་ཝེ་ཌོར་ (El Salvador) གྲོས་ཚོགས་འཐུས་མི་ཇོ་སེ་ཕ་རན་སིས་ (Jose Francisc) ལགས། རྒྱ་གར་གྱི་དམག་དཔོན་དང་དམག་དཔོན་ཟུར་པ་ཁག་གཅིག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ས་གནས་སུ་གནས་སྡོད་བོད་མི་དང་རྒྱ་གར་ཡུལ་མི་བཅས་མཉམ་ཞུགས་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན། རྒྱ་གར་ཧི་མ་ཅཱལ་མངའ་སྡེ་ནི་འདས་པའི་ལོ་ངོ་ ༦༥ ལྷག་ཙམ་གྱི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད། རྒྱ་གར་གཞུང་མང་དང་ལྷག་པར་ཧི་མ་ཅཱལ་མངའ་སྡེའི་གཞུང་ནས་བོད་མིའི་བདེ་དོན་ལ་དམིགས་ཏེ་མཐུན་རྐྱེན་རོགས་རམ་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ན་ནིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་ལས་རིམ་ཆ་ཤས་སུ་དུས་སྟོན་དེ་འདྲ་བ་ཞིག་གོ་སྒྲིག་གནང་ཡོད། ཐེངས་འདིའི་དུས་སྟོན་དེ་བཞིན་གོ་སྟོན་གྱི་ལས་རིམ་ཆ་ཤས་ཤིག་ཡིན། དུས་སྟོན་དེ་མཚུངས་རྒྱ་གར་གྱི་མངའ་སྡེ་ཁག་ཏུ་ལོ་སྟར་ཆགས་ཐེངས་གཅིག་ཙམ་གོ་སྒྲིག་གནང་འཆར་ཡོད་ཅེས་གསུངས་སོང་།

དེ་ནས་བོད་ཀྱི་ཟློས་གར་ཚོགས་པ་དང་བོད་ཁྱིམ་སློབ་གྲྭ་དང་ཡོངས་གླིང་སློབ་གྲྭའི་སློབ་ཕྲུག་བཅས་ནས་གཞས་སྣ་འཁྲབ་སྟོན་བྱས་ནས་དབུ་འབྱེད་མཛད་སྒོ་གྲོལ་སོང་།

བོད་ཀྱི་དུས་སྟོན་ཐོག བོད་ཀྱི་སྨན་རྩིས་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་འགྲེམས་སྟོན་ཁང་། བོད་ཀྱི་ཟློས་གར། བོད་ཁྱིམ་སློབ་གྲྭ བོད་ཀྱི་དཔེ་མཛོད་ཁང་། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་བཅས་མཉམ་ཞུགས་ཐོག དེ་རིང་ནས་ཚེས་༣༠་བར་བོད་ཀྱི་ཞབས་བྲོ་འཁྲབ་སྟོན་དང་སྒྱུ་རྩལ་དང་ལག་ཤེས་འགྲེམས་སྟོན། བོད་སྨན་བསྟེན་གཏུགས། པར་རིས་འགྲེམས་སྟོན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། བྱིས་པའི་བྱེད་སྒོ། ཟས་རིགས་ཚོང་ཁང་། རོལ་དབྱངས་འཁྲབ་སྟོན་སོགས་བརྒྱུད་ནས་རྒྱ་གར་མི་མང་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་རྒྱུ་ཡིན་འདུག