21
Tue, Apr
9 རྩོམ་གསར།

ཕྱི་ལོ་༢༠༢༦ ལོའི་བོད་ཀྱི་གསོ་བ་རིག་པའི་གཡུ་ཐོག་གཟེངས་རྟགས་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ལ་ཕུལ་སོང་།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༤ ཉིན། བཞུགས་སྒར་དྷ་ས་གངས་སྐྱིད་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པའི་གོ་སྒྲིག་འོག བོད་ཀྱི་གསོ་བ་རིག་པའི་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པ་དང་བརྒྱད་པའི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར། འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ནས་ཕྱི་ལོ་༢༠༢༥ ལོའི་བོད་ཀྱི་གསོ་བ་རིག་པའི་གཡུ་ཐོག་གཟེངས་རྟགས་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ལ་ཕུལ་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༡༠ པའི་ཐོག ཞུགས་སྒར་དྷ་ས་གངས་སྐྱིད་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པའི་གོ་སྒྲིག་འོག བོད་ཀྱི་གསོ་བ་རིག་པའི་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པ་དང་བརྒྱད་པའི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོ་དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་དང་། སྨན་རྩིས་ཁང་གི་འགན་འཛིན་གསར་པ་བསོད་ནམས་བཟང་པོ་ལགས། བླ་སྨན་ཚེ་དབང་རྟ་མགྲིན་མཆོག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པའི་ཚོགས་གཙོ་སྨན་པ་རྡོ་རྗེ་དགྲ་འདུལ་ལགས། དེ་བཞིན་སྨན་རྩིས་ཁང་གི་སྨན་པ་དང་སློབ་ཕྲུག་བཅས་ཕེབས་གནང་འདུག

ཐོག་མར། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འགན་འཛིན་གྱིས་སྐབས་བདུན་པའི་ལོ་གསུམ་གྱི་ལས་བསྡོམས་སྙིང་བསྡུས་བསྒྲོགས་སྦྱང་གནང་སོང་། དེ་ནས་ཁོང་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། འཛམ་གླིང་ནང་བོད་པའི་སྨན་པ་༦༠༠ ལྷག་གིས་དེབ་སྐྱེལ་གནང་ཡོད། དེབ་སྐྱེལ་མང་བ་ཡོང་བར་ལྷན་ཚོགས་དེ་ཡིས་རོགས་རམ་དང་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད། རྒྱ་གར་ནང་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་འཁྱེར་དགོས་པས་དེར་གང་ཡང་བྱེད་ཐུབ་ཀྱི་མིན་འདུག ཅེས་དང་། བོད་ཀྱི་གསོ་བ་རིག་པར་སྦྱོང་མཁན་ཉུང་དུ་འགྲོ་བཞིན་འདུག དམིགས་བསལ་བོད་པ་ཉུང་རུ་འགྲོ་བཞིན་འདུག རྒྱ་གར་བ་གསོ་བ་རིག་པ་སྦྱོང་མཁན་མང་རུ་འགྲོ་བཞིན་འདུག ཉིན་གཅིག་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་བ་འཛིན་སྐྱོང་བྱེད་པའི་ཉེན་ཁ་འདུག་ཅེས་དང་། བོད་ཀྱི་གསོ་བ་རིག་པར་ཉམས་ཞིབ་བྱེད་རྒྱུ་ཉུང་དྲག་འདུག དེར་བརྟེན་དེར་ཡར་རྒྱས་གཏོང་དགོས་འདུག ཅེས་སོགས་གསུངས་སོང་།

དེ་ནས་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་གསུང་དོན། ལས་དོན་སྙན་ཐོ་ལ་བསྔགས་བརྗོད་དང་འབྲེལ། སྤྱི་འཐུས་ལྷན་ཚོགས་ནས་གསོ་བ་རིག་པ་ལྷན་ཚོགས་དགོས་གལ་ཆེན་པོ་གཟིགས་ནས་གཏན་ལ་འབེབས་པ་རེད། བོད་མིའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་རྐྱེན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་ངོས་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་ནས་ངོས་འཛིན་གནང་ཡོད། ད་དུང་འཛམ་གླིང་གང་སར་བོད་ཀྱི་གསོ་བ་རིག་པ་ངོས་འཛིན་ཡོང་བ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་དག་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

དེ་ནས་བོད་ཀྱི་གསོ་བ་རིག་པའི་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་ལས་རིམ་འགོ་བརྩམས་སོང་། སྤྱིར་གཟེངས་རྟགས་འདི་ནི་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐོག་དམིགས་བསལ་ཧུར་བརྩོན་དང་ལྷག་བློ་ཆེ་བསྐྱེད་ཀྱིས་བྱས་རྗེས་རྩེ་ཕུད་ཐོན་མཁན་རྣམས་ངོས་འཛིན་དང་། བོད་ཀྱི་གསོ་བ་རིག་པའི་རྒྱུད་འཛིན་སྨན་པ་གཞན་རྣམས་ལ་མིག་དཔེ་དང་སེམས་ཤུགས་བསྐྱེད་པའི་ཆ་རྐྱེན་བསྐྲུན་རྒྱུ། མང་ཚོགས་ནས་གསོ་བ་རིག་པའི་རྒྱུད་འཛིན་སྨན་པའི་ལྷག་བསམ་དང་འབད་བརྩོན་ཅན་རྣམས་ཀྱི་ལོ་རྒྱུས་ཤེས་རྟོགས་ཡོང་ཐབས་སུ་གཟེངས་བསྟོད་འབུལ་གྱི་ཡོད་འདུག་ཅིང་། དུས་ཡུན་ལོ་གསུམ་རེའི་མཚམས་སུ་གཟེངས་རྟགས་ཐེངས་རེ་འབུལ་གྱི་ཡོད་འདུག ཐེངས་འདིའི་གཟེངས་རྟགས་ནི་བོད་ཀྱི་གསོ་བ་རིག་པའི་གཡུ་ཐོག་གཟེངས་རྟགས་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ལ་ཕུལ་སོང་།

གཡུ་ཐོག་གཟེངས་རྟགས་འདི་ནི་ཐོག་མར་བོད་རབ་བྱུང་བཅུ་བདུན་པའི་ས་གླང་ཕྱི་ལོ་ ༢༠༠༩ ལོར་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་༼བོད་ཀྱི་གསོ་བ་རིག་པའི་གཟེངས་ཐོན་མི་སྣར་འབུལ་རྒྱུའི་གཡུ་ཐོག་གཟེངས་རྟགས་ཀྱི་སྒྲིག་གཞི་༽ཞེས་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཟུར་དུ་གཏན་འབེབས་ཀྱིས་ལག་བསྟར་མགོ་གཙུགས་གནང་བ་ཞིག་ཡིན་འདུག

གཡུ་ཐོག་གཟེངས་རྟགས་ཀྱི་འོས་འདེམས་བྱེད་ཕྱོགས་ནི། སྒྲིག་གཞིའི་དགོངས་དོན་ལྟར་ཐོག་མར་གསོ་བ་རིག་པའི་ལྷན་ཚོགས་ནས་ཚོགས་མི་ལྔ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཟུར་འཛུགས་གནང་རྗེས་ཚོགས་ཆུང་དེས་འོས་ཆོས་ཚང་བའི་འོས་གཞི་གྲངས་གསུམ་ནས་ལྔ་བར་འདེམས་སྒྲུག་གནང་སྟེ་འོས་གཞི་དེ་དག་གི་རྒྱབ་གཉེར་སྙན་ཐོ་དང་བཅས་ལྷན་ཚོགས་སུ་འབུལ་དགོས་པ་དང་། འདེམས་སྒྲུག་ཚོགས་ཆུང་གིས་ཕུལ་བའི་འོས་གཞི་དང་རྒྱབ་གཉེར་སྙན་ཐོ་བཅས་ལ་སླར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཚོགས་མི་རྣམས་ནས་སྤྱི་མོས་སམ་མང་མོས་ཀྱིས་འོས་འདེམས་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༢༠༡༠ ཟླ་༣ ཚེས་༡༥ ཉིན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་གཡུ་ཐོག་གཟེངས་རྟགས་ཕུལ་ཡོད་འདུག

ཕྱི་ལོ་༢༠༡༠ ལོར་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་སུ་ཐེངས་དང་པོའི་གཡུ་ཐོག་གཟེངས་རྟགས་ཕུལ་ཡོད་འདུག ཕྱི་ལོ་ ༢༠༡༢ ལོར་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ལ་ཐེངས་གཉིས་པའི་གཡུ་ཐོག་གཟེགས་རྟགས་ཕུལ་ཡོད། ཕྱི་ལོ་ ༢༠༡༦ ལོར་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་ལ་ཐེངས་གསུམ་པའི་གཡུ་ཐོག་གཟེངས་རྟགས་ཕུལ་ཡོད། ཕྱི་ལོ་ ༢༠༡༩ ལོར་བླ་སྨན་ཚེ་དབང་རྟ་མགྲིན་མཆོག་ལ་ཐེངས་བཞི་པའི་གཡུ་ཐོག་གཟེངས་རྟགས་ཕུལ་ཡོད། ཕྱི་ལོ་ ༢༠༢༢ ལོར་བླ་སྨན་སྤེན་པ་ཚེ་རིང་མཆོག་ལ་ཐེངས་ལྔ་པའི་གཡུ་ཐོག་གཟེངས་རྟགས་ཕུལ་ཡོད། ཕྱི་ལོ་༢༠༢༦་ལོར་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ལ་ཐེངས་དྲུག་པའི་གཡུ་ཐོག་གཟེངས་རྟགས་ཕུལ་སོང་།

སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ནི་རྒྱ་གར་བྱང་ཐང་ལ་དྭགས་སུ་ཕྱི་ལོ་ ༡༩༦༥ ཟླ་ ༧ ཚེས་ ༡ ཉིན་སྐུ་འཁྲུངས་ཤིང་། ཆུང་དུས་གཞི་རིམ་སློབ་སྦྱོང་དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་བསྐྱོད། སྤྱི་ལོ་༡༩༨༨ ལོར་དྷརྨ་ཤ་ལ་བོད་ཀྱི་སྨན་རྩིས་ཁང་གི་སློབ་ཐེངས་དྲུག་པའི་ཁོངས་སྨན་པ་དཀའ་བཅུ་པ་ཐོན། སློབ་ཐོན་རྗེས་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་དུ་ སྨན་སྦྱོར་སྨན་པ་དང་སྨན་རྩིས་ཆེས་མཐོའི་ཚོགས་ཆུང་གི་ཚོགས་མི་དང་ལས་དྲུང་། གཞན་ཡང་སྐབས་དེའི་སྨན་རྩིས་ཁང་གི་ཚོགས་ཆུང་འདྲ་མིན་ནང་ཕྱག་ལས་གནང་། དེ་རྗེས་ར་ཇ་སྤུར་བོད་ཁྱིམ་དུ་དགེ་རྒན་དང་། སྤྱི་ལོ་༡༩༩༦ ལོ་ནས་ ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་དང་པོ་དང་དྲུག་པའི་རྒྱུན་ལས་ཚོགས་མི། སྐབས་བདུན་པའི་ཚོགས་གཞོན་དང་ ཚོགས་གཙོ། ཝཱ་ཎ་སྨན་རྩིས་རིག་སྡེའི་རིག་སྡེ་འགན་འཛིན། སྒྱུ་རྩལ་རིག་སྡེའི་རིག་སྡེ་འགན་འཛིན། བླང་དོར་ཞིབ་དཔྱོད་ཚོགས་ཆུང་གི་འགན་འཛིན། མི་ལོ་ཉི་ཤུའི་རིང་གསོ་རིག་སྡེ་ཚན་གྱི་འགན་འཛིན། སློབ་གྲྭའི་ཚོགས་ཆུང་འདྲ་མིན་གྱི་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་དུ་སློབ་དགེའི་ལས་འཁུར་ཞུས་དང་ཞུ་ མུས་ཡིན། གསོ་བ་རིག་པའི་ཚོགས་ཆེན་དང༌། བགྲོ་གླེང་ཚོགས་འདུ། ཟབ་སྦྱོང་སོགས་འདུ་འཛོམས་མང་དག་ཞིག་ལ་མཉམ་ཞུགས་དང་གཏམ་བཤད་རྩོམ་ཤོག་སྤེལ། ཝཱ་ཎ་དགེ་ལྡན་སྤྱི་ལས་ཚོགས་པའི་ཚོགས་གཙོ་ཐེངས་གཉིས་དང་། བོད་ཀྱི་གསོ་བ་རིག་པ་ལྷན་ཚོགས་ཀྱི་སྐབས་དང་པོ་དང་དྲུག་པའི་ཚོགས་མི་དང་། སྐབས་བདུན་པའི་ཚོགས་གཞོན་དང་འགན་འཛིན། གཡུ་ཐོག་སྨན་ཁང་གི་གཙོ་འཛིན། འབྲས་ལྗོངས་རྣམ་རྒྱལ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་གསོ་རིག་སྡེ་ཚན་གྱི་འགན་འཛིན། རྒྱ་གར་རྒྱལ་ཡོངས་གསོ་བ་རིག་པའི་འཛུལ་རྒྱུགས་ཆེན་མོའི་ (NEET) ངེས་སྟོན་པ་ཐེངས་ལྔ་བསྟུད་མར་ཞུས། གཞན་ཡང་རྒྱ་གར་སྲོལ་རྒྱུན་སྨན་པའི་ལྷན་ཚོགས་ (NCISM) དང་གསོ་བ་རིག་པའི་འཛིན་སྐྱོང་དང་ཤེས་ཡོན་ཚོགས་སྡེ་འདྲ་མིན་ནང་ཚོགས་གཙོ་དང་ཚོགས་མིའི་ལས་འཁུར་ཞུས་དང་ཞུ་བཞིན་ཡོད། མི་ལོ་ཧྲིལ་པོ་སུམ་ཅུ་ལྷག་ཙམ་རིང་ཤེས་ཡོན་སྡེ་ཁག་འདྲ་མིན་ནང་དགེ་རྒན་དང་། ལས་ཞོར་དུ་གསོ་བ་རིག་པའི་རྒྱུད་བཞིའི་འགྲེལ་པ་དེབ་ཕྲེང་བཅུ་གཉིས་ཙམ་རྩོམ་སྒྲིག་དང་དཔར་སྐྲུན་ཞུས་ཟིན་པ་དང་ད་དུང་མུ་མཐུད་པོད་ཕྲེང་འགའ་ ཞིག་ཞུ་མུས་ཡིན་འདུག