03
Wed, Dec
5 རྩོམ་གསར།

དགེ་འདུན་ཆོས་ཉི་མ་མཆོག་གློད་གྲོལ་དགོས་ཞེས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༥ ཚེས་༢༥ ཉིན། བོད་ཀྱི་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་དང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཉི་མ་མཆོག་གི་སྐོར་གོ་རྟོགས་སྤེལ་ཆེད་རྒྱ་གར་གྲོང་ཁྱེར་ཁག་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་དེ་རིང་དྷ་རམ་སར་བདེ་འབྱོར་གནང་སོང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲད་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་ཡང་། འཇམ་དབྱངས་བསྟན་འཛིན་ལགས་རྡ་རམ་སར་འབྱོར་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་མི་ཁག་ཅིག་གིས་ཁོང་ཕེབས་བསུ་ཞུས་སོང་། ཁོང་གིས་ཐོག་མར་འདི་ལོའི་ཕྱི་ཟླ་༤ ཚེས་༢༥ ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཉི་མ་མཆོག་དགུང་གྲངས་ ༣༦ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནས་བོད་དོན་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་དེ་འགོ་འཛུགས་གནང་ཡོད་ཅིང་། ཕྱི་ལོ་༢༠༢༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་དམར་གཞུང་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་འཛིན་བཟུང་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་ཉིན་མཇུག་བསྡུས་གནང་འདུག

ཁོང་གིས་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནས་འགོ་འཛུགས་ཀྱིས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་མ་ན་ལི། བཞུགས་སྒར་དྷ་རམ་ས་ལ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་ཞུ་རྒྱུ་ཡིན་འདུག དེ་བཞིན་ཁོང་གིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པའི་གནས་སྟངས་ཐོག་རྒྱ་གཞུང་ནས་ལན་འདེབས་གསལ་བཤད་ཅིག་ཡོང་ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནོན་ཤུགས་སྔར་ལྷག་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་གནད་དོན་དེའི་ཐོག་མཁྱེན་རྒྱ་དང་རྒྱབ་སྐྱོར་ཚད་མཐོ་རགས་ཐབས་དང་། དམིགས་བསལ་བོད་རིགས་གཞོན་སྐྱེས་དང་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་རྡོག་རྩ་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་སྔར་ལྷག་མཉམ་སྤུངས་ཡོང་རྒྱུ་སོགས་ལ་དམིགས་ཏེ་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག

འཇམ་དབྱངས་བསྟན་འཛིན་ལགས་དྷ་རམ་སར་འབྱོར་རྗེས་བརྗོད་དོན། ང་རང་རྐང་འཁོར་སྐོར་བསྐྱོད་བྱས་ནས་སིམ་ལ་དང་མ་ན་ལིར་སླེབས་སྐབས་དེར་ཕྱི་རྒྱལ་དང་རྒྱ་གར་བ་ཡུལ་སྐོར་སྤྲོ་འཁྱམ་བྱེད་མཁན་མང་པོ་ཡོད་པ་བརྟེན་བོད་དོན་དང་༸པཎ་ཆེན་རིན་པོ་ཆེའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་བ་ཡིན། སྐབས་དེར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། དེ་བཞིན་བོད་པ་ཚོས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་སོང་། དངོས་གནས་རང་ཉིད་ཀྱིས་དཀའ་ལས་བརྒྱབས་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ་དེ་ཡིད་ཚིམ་པ་ཞིག་དང་དཀའ་ལས་བརྒྱབས་ན་རྒྱག་རིན་ཆོག་པ་ཞིག་བྱུང་སོང་བསམས་པའི་སེམས་བ་བྱུང་སོང་། ཞེས་འགྲེལ་བརྗོད་གནང་སོང་།

ལས་འགུལ་འདི་བརྒྱུད་ནས་དགོས་འདུན་དོན་ཚན་གསུམ་བཏོན་འདུག དེ་དག་ནི། ༡༽རྒྱལ་སྤྱིའི་སྤྱི་ཚོགས་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་གནོན་ཤུགས་སྤྲོད་ཏེ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་རྒྱུར་རེ་སྐུལ་ཞུ་རྒྱུ། ༢༽ རྒྱ་གར་གཞུང་དམངས་གཉིས་ཀྱིས་རྒྱབ་སྐྱོར་འོག་རྒྱ་དམར་སྲིད་གཞུང་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་སླད་གྲོས་མོལ་གནང་རྒྱུར་ཤུགས་སྣོན་རྒྱག་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ༣༽རང་རིགས་གཞོན་སྐྱེས་གཙོས་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤྲུངས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ།

འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་དེ་སྔོན་ཐེངས་ལྔ་ལ་རྒྱ་གར་གྲོང་ཁྱེར་ལྡི་ལི་དང། ཁ་ཎ་ཊ། ལ་དྭགས། རྟ་དབང་། དྷ་རམ་ས་སོགས་སུ་བོད་དོན་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག