13
Thu, Jun

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༥་ཚེས་༢༣ཉིན། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་མཇལ་ཁ་ཁང་དུ། བོད་པའི་བུ་མོ་ཆུང་ཆུང་ཞིག་གིས་༧གོང་ས་མཆོག་ལ་སྙན་ངག་སྙན་སྒྲོག་ཞུས་ཡོད་པ་དང་། སྙན་ངག་དེའི་ནང་དུ་གཞིས་ལུས་བོད་མི་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་རེ་སྒུལ་བྱེད་བཞིན་ཡོད་པ་དང་། ཐེངས་གཅིག་མཇལ་རྒྱུར་རེ་བ་དང་སྨོན་ལམ་གྱིས་སྒུག་ནས་བཞུགས་འདུག ༧རྒྱལ་བ་རིན་པོ་ཆེ། ཁྱེད་ཕ་ཡུལ་ལ་ཕེབས་རན་སོང་། ཞེས་བཀོད་འདུག

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་མཇལ་ཁ་ཁང་དུ། བོད་པའི་བུ་མོ་ཆུང་ཆུང་ཞིག་གིས་༧གོང་ས་མཆོག་ལ་སྙན་ངག་སྙན་སྒྲོག་ཞུ་དོན། ༧རྒྱལ་རིན་པོ་ཆེ། ཁྱེད་ཕ་ཡུལ་དང་ཞལ་གྱེས་ནས་མི་ལོ་དྲུག་ཅུ་ལྷག་ཕྱིན་སོང་། ཁྱེད་ཀྱི་དབུ་སྐྲ་དུང་ལྟར་དཀར་པའི་བགྲེས་སོང་གི་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་སོང་། ཕ་ཡུལ་དུ་མི་རྣམས་ཀྱིས་ཁྱེད་ཀྱི་མཚན་ནས་བོས་ཤིང་། ཁྱེད་ཀྱི་གསེར་ཞལ་གྱི་ཟླ་བ་དཀར་པོ། ཐེངས་གཅིག་མཇལ་རྒྱུར་རེ་བ་དང་སྨོན་ལམ་གྱིས་སྒུག་ནས་བཞུགས་འདུག ༧རྒྱལ་བ་རིན་པོ་ཆེ། ཁྱེད་ཕ་ཡུལ་ལ་ཕེབས་རན་སོང་། ༧རྒྱལ་བ་རིན་པོ་ཆེ། ཁྱེད་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་ཤོག།

དེ་ནས་༧གོང་ས་མཆོག་གིས་གསུང་དོན། ངོས་རང་ཚེ་རིང་པོ་སྡོད་ཀྱི་རེད། ལོ་ཁ་ཤས་ཀྱི་ནང་དུ་ང་ཚོ་གཞིས་བྱེས་མཉམ་འཛོམས་ཏན་ཏན་ཡོང་གི་རེད། བློ་བདེ་བོར་སྡོད། སེམས་འཁྲུགས་ནས་མ་སྡོད། སེམས་ཁྲལ་ཆེན་པོ་བྱས་ཏེ་སེམས་འཁྲུགས་ནས་བསྡད་ན་ཡག་པོ་ཡོད་མ་རེད། ལྷོད་ལྷོད་བྱས་ནས་སྡོད། བོད་ལ་བདེན་པ་ཡོད་རེད། བདེན་པའི་མཐའ་སེལ་གྱི་རེད་བསམ་པའི་ཡིད་ཆེས་བྱས་ནས་སྡོད། ཅེས་གསུངས་འདུག

བརྙན་ཐུང་དེ་དྲ་ལམ་སྤེལ་རྗེས། བོད་མི་མང་པོས་བརྒྱུད་སྐུལ་དང་དགའ་རྟགས་ཐོབ་འདུག དེ་བཞིན་བོད་མི་མང་པོ་ཞིག་སེམས་ལ་དགའ་སྐྱོ་ཟུང་འབྲེལ་བའི་ཚོར་བ་བྱུང་ཡོད་འདུག བོད་མི་ཞིག་གིས་བརྗོད་དོན། བརྙན་ཐུང་འདི་མཇལ་བ་དང་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཞིག་བྱུང་སོང་། དགའ་བ་ནི་ང་ཚོ་གཞིས་བྱེས་མྱུར་དུ་མཉམ་འཛོམས་ཡོང་བའི་རེ་བ་དང་༧རྒྱལ་བ་རིན་པོ་ཆེ་ང་ཚོའི་ཕ་མ་ལྟར་ཡིན་དུས་ཁོང་གིས་དེ་ལྟར་གསུངས་དུས་དགའ་བ་སྐྱེས་སོང་། སྐྱོ་བོ་ནི་ང་ཚོ་ད་དུང་བཙན་བྱོལ་གྱི་ཚོར་བ་རོལ་ནས་བསྡད་ཡོད་པ་དེ་རེད། ཅེས་བརྗོད་སོང་།

ཡང་བོད་མི་གཞན་ཞིག་གིས་བརྗོད་དོན། ང་བརྙན་ཐུང་དེ་མཐོང་བ་དང་མིག་ནང་མཆི་མས་གང་སོང་། ཟེར་ཤེས་པའི་ཚོར་བ་ཞིག་བྱུང་སོང་། བོད་པའི་བོད་མི་ཆུང་ཆུང་དེའི་སྙན་ངག་དེ་བོད་མི་ཚང་མའི་སེམས་ནང་གི་སྐད་ཆ་རེད་བསམས་ཀྱི་འདུག བོད་ནང་གི་བོད་མི་ཚོས་ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་ཕ་ཡུལ་གངས་ཅན་ལྗོངས་ལ་ཕེབས་པའི་རེ་སྒུལ་དང་སྨོན་ལམ་ཉིན་མཚན་ཀུན་ཏུ་རྒྱག་གི་ཡོད་རེད་བསམས་ཀྱི་འདུག

ད་དུང་བོད་མི་གཞན་ཞིག་གིས་བརྗོད་དོན། བརྙན་ཐུང་ནང་དུ་༧གོང་ས་མཆོག་གིས་ལོ་ཁ་ཤས་ཀྱི་ནང་དུ་ང་ཚོ་གཞིས་བྱེས་མཉམ་འཛོམས་ཏན་ཏན་ཡོང་གི་རེད། ཅེས་གསུངས་དུས། ༧རྒྱལ་བ་རིན་པོ་ཆེ་འཚོ་ཞུགས་སྐབས་ང་ཚོ་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་རྒྱུའི་རེ་བ་སྦྱིན་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།