ཕྱི་ལོ་༢༠༢༤ ཟླ་༩ ཚེས་༧ ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མོན་ཡུལ་གྱི་དད་ལྡན་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ༸གོང་ས་མཆོག་གིས་ངོས་རང་བཙན་བྱོལ་དུ་དང་པོ་མོན་ལ་འབྱོར་སྐབས་མོན་པ་ཚོས་དད་འདུན་ཧ་ཅང་ཆེན་པོ་བྱས་ཏེ་སེམས་འགུལ་ཐེབས་པ་བྱུང་། དེ་རིང་མོན་པ་ཚོས་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་གཞིས་བྱེས་མི་མང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་འཕྲལ་དང་ཡུན་གྱི་འདོད་དོན་ཐམས་ཅད་བདེ་ལེགས་ཏུ་འགྲུབ་པའི་སྐྱབས་འཇུག་ཞུ་གི་ཡོད། ཅེས་བཀའ་སློབ་བསྩལ་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༢༠་ཡས་མས་ལ་བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་རྒྱལ་བའི་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་གྱིས་གཙུག་ལག་ཁང་དུ་གདན་ཞུའི་སྐབས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། སྦྱིན་བདག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། རྒྱ་གར་དབུས་གཞུང་གྲོས་ཚོགས་འཐུས་མི་ཏཱ་པིར་དགའ་བོ་མཆོག ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་པ་ཏ་ཚོ་ན་མཆོག བརྟན་བཞུགས་གོ་སྒྲིག་ཙོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་མཆོག་བཅས་ནས་སྤོས་སྣེ་ཐོགས་ཏེ་ཕེབས་བསུ་ཞུས་པ་དང་། དད་ལྡན་མོན་པ་གཙོས་པའི་བོད་མི་དང་ཕྱི་རྒྱལ་བ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་སོང་།
ཐེངས་འདིའི་བརྟན་བཞུགས་ནི་མོན་དད་ལྡན་མི་མང་གིས་༸གོང་ས་མཆོག་ལ་ཕུལ་བའི་བརྟན་བཞུགས་ཐེངས་ལྔ་ཡིན་པ་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནི་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཡིན་ཞིང་། མོན་ཡུལ་ནས་མངའ་སྡེ་འདིའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཚོགས་འཐུས་མི་གཙོས་པའི་དད་ལྡན་མི་མང་༡༦༠༠་ཡས་མས་ཕེབས་ཡོད་སྐོར་བརྗོད་སོང་། དེ་བཞིན་རྡ་ས་ཁུལ་དད་ལྡན་སེར་སྐྱ་མི་མང་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཚོ་ཁ་ཤས་ཤིག་མཉམ་ཞུགས་གནང་སོང་།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སུ། དབུ་བཞུགས་བླ་མ་གླིང་རིན་པོ་ཆེས་མཇལ་དར་རྐྱང་འབུལ་ཞུས་ཤིང་། བརྟན་བཞུགས་ཀྱི་ཆོ་ག་བླ་མ་ལྷར་བསྐྱེད་སོགས་ཐར་ཆགས་སུ་གསུང་པ་དང་འབྲེལ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་སོགས་ཀྱིས་རྟེན་གསུམ་འདེགས་འབུལ་དང་མོན་པ་རྣམས་ཀྱིས་བརྟན་ཞུགས་ཕུལ་སོང་། བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་མཛད་པ་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྲུ་འཛིན་ཞིང་གི་ཐེམ་སྐས་ཀྱི་ལྗགས་ལུང་གནང་སོང་།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གིས་བཀའ་སྩོལ་དོན། ངོས་རང་བཙན་བྱོལ་དུ་དང་པོ་མོན་ལ་འབྱོར་སྐབས་མོན་པ་ཚོས་དད་འདུན་ཧ་ཅང་ཆེན་པོ་བྱས་ཏེ་སེམས་འགུལ་ཐེབས་པ་བྱུང་། དེ་རིང་མོན་པ་ཚོས་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་གཞིས་བྱེས་མི་མང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་འཕྲལ་དང་ཡུན་གྱི་འདོད་དོན་ཐམས་ཅད་བདེ་ལེགས་ཏུ་འགྲུབ་པའི་སྐྱབས་འཇུག་ཞུ་གི་ཡོད། ཅེས་བཀའ་སློབ་བསྩལ་རྗེས་བརྟན་བཞུགས་ཀྱི་གནང་སྒོ་ལེགས་པར་གྲུབ་སོང་།
བརྟན་བཞུགས་ཚར་རྗེས། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་གྱི་གོ་སྒྲིག་འོག མོན་ཡུལ་གྱི་དད་ལྡན་མི་མང་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་༩༠ ཕེབས་པའི་སྐུའི་གོ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག རྒྱ་གར་དབུས་གཞུང་གྲོས་ཚོགས་འཐུས་མི་ཏཱ་པིར་དགའ་བོ་མཆོག ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་པ་ཏ་ཚོ་ན་མཆོག་སོགས་ཕེབས་འདུག སྐབས་དེར་སྐུ་མགྲོན་རྣམ་པས་གཏམ་བཤད་དང་མོན་པ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་གནང་སོང་།
ཐེངས་འདིའི་ཆོས་འབྲེལ་དང་བརྟན་བཞུགས་བསྟར་འབུལ་འདི་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་ནས་མོན་ཡུལ་སྐྱིད་མོ་ལྗོངས་ཀྱི་སེར་སྐྱ་མི་མང་ཡོངས་ལ་དམ་ཆོས་བདུད་བརྩི་ཐོག་མར་སྩལ་ནས་ལོ་ངོ་༦༥ འཁོར་ཞིང་། ༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཆེན་པོ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་མོན་ཡུལ་དུ་སྐུ་འཁྲུངས་ནས་ལོ་ངོ་༣༤༡ འཁོར་བའི་དུས་ཚིགས་དང་། བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་མོན་ཡུལ་སྐྱེ་འགྲོ་གཙོ་བོར་གྱུར་པའི་འཛམ་གླིང་འགྲོ་བ་ཡོངས་ཀྱི་དྲིན་ཅན་རྩ་བའི་བླ་མ་༸སྐྱབས་མགོན་ཏཱ་ལའི་བླ་མ་རྡོ་རྗེ་འཆང་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཤིག་ཡིན་འདུག