ཕྱི་ལོ་༢༠༢༤ ཟླ་༩ ཚེས་༧ ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་གྱི་གོ་སྒྲིག་འོག ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གཙོས་པའི་མོན་ཡུལ་གྱི་དད་ལྡན་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། མོན་ཡུལ་གྱི་དད་ལྡན་མི་མང་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་༩༠ ཕེབས་པའི་སྐུའི་གོ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་སོགས་འདུག སྐབས་དེར་སྐུ་མགྲོན་རྣམ་པས་གཏམ་བཤད་དང་མོན་པ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་གནང་སོང་།
ཐེངས་འདིའི་ཆོས་འབྲེལ་དང་བརྟན་བཞུགས་བསྟར་འབུལ་འདི་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་ནས་མོན་ཡུལ་སྐྱིད་མོ་ལྗོངས་ཀྱི་སེར་སྐྱ་མི་མང་ཡོངས་ལ་དམ་ཆོས་བདུད་བརྩི་ཐོག་མར་སྩལ་ནས་ལོ་ངོ་༦༥ འཁོར་ཞིང་། ༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཆེན་པོ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་མོན་ཡུལ་དུ་སྐུ་འཁྲུངས་ནས་ལོ་ངོ་༣༤༡ འཁོར་བའི་དུས་ཚིགས་དང་། བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་མོན་ཡུལ་སྐྱེ་འགྲོ་གཙོ་བོར་གྱུར་པའི་འཛམ་གླིང་འགྲོ་བ་ཡོངས་ཀྱི་དྲིན་ཅན་རྩ་བའི་བླ་མ་༸སྐྱབས་མགོན་ཏཱ་ལའི་བླ་མ་རྡོ་རྗེ་འཆང་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཤིག་ཡིན་འདུག རྒྱ་གར་དབུས་གཞུང་གྲོས་ཚོགས་འཐུས་མི་ར་པིར་དགའ་བོ་མཆོག
དེ་ཡང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི༌ཏཱ་པིར་དགའ་བོ་ (Shri Tapir Gao) མཆོག ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་པ་སངས་རྡོ་རྗེ་ (Pasang Dorjee Sona) མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་བཀའ་བློན་དང་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་སོགས་སྐུ་མགྲོན་དང་། མོན་ཡུལ་ནས་ཕེབས་པའི་དད་ལྡན་མི་མང་༡༤༠༠་ལྷག་དང་རྡ་ས་ཁུལ་གྱི་བོད་མི་རྣམས་མཛད་སྒོར་མཉམ་ཞུགས་གནང་སོང་།
ཐོག་མར། བརྟན་བཞུགས་གོ་སྒྲིག་ཙོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་མཆོག་གིས་མཛད་སྒོ་ངོ་སྤྲོད་གནང་དོན། ཕྱི་ལོ་༢༠༢༤ ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་ནས་མོན་ཡུལ་སྐྱིད་མོ་ལྗོངས་ཀྱི་སེར་སྐྱ་མི་མང་ཡོངས་ལ་དམ་ཆོས་བདུད་བརྩི་ཐོག་མར་སྩལ་ནས་ལོ་ངོ་༦༥ འཁོར་གྱི་ཡོད་པ་དང་། ༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཆེན་པོ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་མོན་ཡུལ་དུ་སྐུ་འཁྲུངས་ནས་ལོ་ངོ་༣༤༡ འཁོར་བའི་དུས་ཚིགས་ཡིན་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་མོན་ཡུལ་སྐྱེ་འགྲོ་གཙོ་བོར་གྱུར་པའི་འཛམ་གླིང་འགྲོ་བ་ཡོངས་ཀྱི་དྲིན་ཅན་རྩ་བའི་བླ་མ་༸སྐྱབས་མགོན་ཏཱ་ལའི་བླ་མ་རྡོ་རྗེ་འཆང་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་གྱི་དགའ་སྟོན་མཛད་སྒོ་ཡིན་ཅེས་འགྲེལ་བརྗོད་གནང་སོང་།
དེ་ནས་རྒྱ་གར་དབུས་གཞུང་གྲོས་ཚོགས་འཐུས་མི་ར་པིར་དགའ་བོ་མཆོག་གིས་གཏམ་བཤད་གནང་སོང་། དེའི་རྗེས་༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་པ་དང་བོད། དེ་བཞིན་༸གོང་ས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་དབར་ཆོས་དང་རིག་གཞུང་ཐོག་ནས་འབྲེལ་བ་ཡོད་སྐོར་སོགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་མ་སྐུལ་དང་བླངས་ཀྱི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་བརྒྱུད་དེ་རིང་ང་ཚོ་ཚང་མར་གསེར་ཞལ་མཇལ་རྒྱུའི་བསྐལ་བ་བྱུང་བ་རེད། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། མོན་ཡུལ་དབར་དམ་ཚིག་གཙང་མ་ཡོད་པ་དང་། དེ་རིང་གི་དུས་ཚོད་འདྲ་ཡིན་ན་དམ་ཚིག་སྨིན་བཞག་པ་འདྲ་པོ། ཚང་མས་དང་བ་ཆེན་པོས་ཡིད་སྨོན་ཞུ་དགོས་པ་ཞིག་བྱུང་སོང་། དེ་ཡིན་དུས། དེ་རིང་གོ་སྐབས་འདི་བརྒྱུད་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་འབྲེལ་ཡོད་ཡོངས་ལ་ངས་བོད་མི་མང་གི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་བ་དེ་བཞིན་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཆགས་ཀྱི་ཡོད་ཅིང་། དེ་ཡང་༧སྐྱབས་མགོན་རིན་པོ་ཆེ་བོད་ལུགས་བརྩིས་པ་ཡིན་ན། དགུང་ལོ་༩༠ ལ་ཕེབས་ཀྱི་ཡོད་རེད། དུས་ཚོད་འདིའི་རིང་ལ་སྟབས་མི་ལེགས་པ་ཞིག་ལ་བོད་ས་ཤོར་ནས་བཙན་བྱོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩོན་ཆེན་པོས་འཛམ་གླིང་སྤྱི་ཡོངས་ནང་ཞི་བདེ་དང་། བྱེ་བྲག་ཏུ་བོད་ཀྱི་རྩ་དོན་རེད། དེའི་ནང་ནས་ཧི་མ་ལ་ཡ་དང་། བོད་དབར་གྱི་ཆོས་རིག་གཞུང་གི་འབྲེལ་བའི་ཐོག་ནས་མཛད་པ་འཕྲིན་ལས་སྐྱོང་བཞིན་ཡོད་པ་རེད། ང་ཚོའི་རྩ་དོན་འཐབ་རྩོད་ཐོག་ལ་འཛམ་གླིང་ནང་ཚང་མས་རྒྱབ་སྐྱོར་ཚད་མཐོ་པོ་བྱུང་བསྡད་པ་དེ་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། མགོན་པོ་གང་གི་བཀའ་དྲིན་ཉག་ཅིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས། ང་ཚོས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་དེ་རིང་མོན་གྱི་མང་ཚོགས་ལ་དཔེ་བལྟས་ཏེ། ང་ཚོ་བོད་མི་མང་ཚོགས་ཀྱི་ཐོག་ནས་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། སྐུ་ཚེ་ཡུན་རིང་བརྟན་རྒྱུར་གསོལ་འདེབས་ཞུ་རྒྱུ་དང་། རྣམ་དཀར་གྱི་དགེ་བ་བསྒྲུབ་རྒྱུ། དེ་བཞིན་དེ་ཚོ་དུས་ནས་དུས་སུ་དྲན་སྐུལ་ཞུ་རྒྱུ་དང་། སོ་སོའི་ངོས་ནས་ཀུན་སློང་དགེ་བའི་ཐོག་ནས་བློས་གཏོང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།
ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལྟ་བུར་མཚོན་པ་ཡིན་ན། ང་རང་ཚོའི་ཆོས་དང་། རིག་གཞུང་ཐོག་ལ་ཧ་ཅང་གི་རྒྱབ་སྐྱོར་གནང་བ་ཙམ་མ་ཡིན་པར། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ལའང་ཧ་ལས་པའི་རྒྱབ་སྐྱོར་དང་། བོད་དོན་ཐོག་ལ་ཡིད་ཆེས་བྱེད་ཆོག་པའི་གནད་ཡོད་མི་སྣ་ཞིག་ཆགས་བསྡད་ཡོད་རེད། ཉིན་ཤས་སྔོན་ནས་ཁོང་བཞུགས་སྒར་དུ་ཕེབས་ཏེ་ཁ་སང་ང་ཚོ་ཕན་ཚུན་མཇལ་མོལ་གནང་རྒྱུ་བྱུང་སོང་། དེ་རིང་དངོས་སུ་འདིར་ཕེབས་ནས་བཀའ་སློབ་གསུང་བཤད་གནང་གི་རེད། དེ་ཚོ་ཚང་མ་སེམས་ལ་བཞག་ནས་མ་འོངས་པར་ཚང་མས་ལག་བསྟར་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེའི་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་ལོ་༩༠ ལ་ཕེབས་ཡོད། ལོ་རྗེས་མར་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འཇུག་པ་ཡོངས་ནས་དུས་རྒྱུན་དུ་༸གོང་ས་མཆོག་ནས་བཀའ་གང་གནང་བཞིན་ཡོད་པར་ཐུགས་སྣང་གནང་སྟེ་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་མ་གཏོགས། ༧གོང་ས་མཆོག་ལ་སྐྱབས་སུ་མཆི་ཟེར་ནས་ལས་ཀ་གོ་ལོག་བྱས་བསྡད་ཚེ་ཏག་ཏག་བསྡད་ཀྱི་མེད་པ་རེད། དེ་དོན་དག་གཙོ་བོ་ཆགས་ཡོད། ཅེས་གསུངས་སོང་།
དེ་ནས་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་བྱམས་བརྩེ་དང་འཚེ་མེད་ཞི་བའི་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ནས་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་གནང་སོང་། བློན་ཆེན་མཆོག་གིས་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུས་སོང་།
དེའི་རྗེས། ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་གིས་བོད་དང་མོན་པ། དེ་བཞིན་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབར་གྱི་འབྲེལ་བ། དེ་བཞིན་༸རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་རྟ་དབང་དུ་རྣམ་རྒྱལ་དགོན་པ་ཕྱག་བཏབས་ཡོད་པ་དང་། ༸རྒྱལ་དབང་སྐུ་ཕྲེང་དྲུག་མོན་ཡུལ་དུ་འཁྲུངས་པ་དང་ཁོང་གི་ཡོངས་འཛིན་གླིང་རིན་པོ་ཆེ་གོང་མ་ཡིན་སྐོར། དེ་བཞིན་མོན་ཡུལ་མི་མང་གིས་༸གོང་ས་མཆོག་དང་གླིང་རིན་པོ་ཆེ་ལ་དད་པ་གཡོ་བ་མེད་པ་ཡིན་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།
དེ་ནས་མོན་ཡུལ་ནས་ཕེབས་པའི་གཞས་མ་ཞིག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་གླུ་ཕུལ་སོང་བ་མ་ཟད། མོན་པ་བུ་དང་བུ་མོ་ཡོད་པའི་སྡེ་ཚན་ཁག་ནས་གཞས་སྣ་འཁྲབ་སྟོན་གནང་སོང་། མཐའ་མར། ཨ་རུ་ན་ཅལ་གྱི་ཆོས་རིག་ཚོགས་གཙོ་འཇམ་དཔལ་དབང་འདུལ་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།