ཕྱི་ལོ་༢༠༢༤ ཟླ་ ༩ ཚེས་༢ ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་དམངས་གཙོ་དབུ་བརྙེས་ནས་མི་ལོ་༦༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེར། སྐུ་མགྲོན་གཙོ་བོར་ཨི་སི་ཊོ་ནི་ཡ་(Estonia)གྲོས་ཚོགས་འཐུས་མི་སྐུ་ཚབ་རྣམ་པ་དང་། ཨི་སི་ཊོ་ནི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་མི་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད། རྡ་ས་ཁུལ་གྱི་སློབ་ཕྲུག་དང་སེར་སྐྱ་མི་མང་མཉམ་ཞུགས་གནང་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་དམངས་གཙོ་དབུ་བརྙེས་ནས་མི་ལོ་༦༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་ཤིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨི་སི་ཊོ་ནི་ཡ་གྲོས་ཚོགས་འཐུས་མི་ཇུ་ཀུ-ཀཱ་ལེ་རིད་(Juku Kalle Raid) གཙོས་པའི་གྲོས་ཚོགས་འཐུས་མི་ཀར་མེན-ཇོ་ལེར (Karmen Joller)་དང་གྲོས་ཚོགས་འཐུས་མི་ཨེ་སི་ཁྲེར་(Ester Aruse)་དང་ཨི་སི་ཊོ་ནི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོའ་སི་ཁྲིར་ཌིར་(Mr Roy Strider) བཅས་རེད་འདུག དེ་བཞིན་མཛད་སྒོ་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་ལས་བྱེད། རྡ་ས་ཁུལ་གྱི་སློབ་ཕྲུག་དང་སེར་སྐྱ་མི་མང་མཉམ་ཞུགས་གནང་འདུག
ཐོག་མར། ཚང་མ་སྐུ་བཞེངས་ཐོག་སྲིད་སྐྱོང་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་འབུལ་ལམ་ཞུས་སོང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པ་ནས་མང་གཙོའི་གསར་གཞས་འབུལ་ལམ་ཞུས་སོང་།
དེའི་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸ཁོང་གི་ཕེབས་རྗེས་སྙེག་མཁན་བཙན་བྱོལ་བོད་མི་རྣམས་རང་ཡུལ་གཞན་ལག་ཏུ་ཤོར་བའི་སྐྱོ་ངལ་དང་། ཁོར་ཡུག་གསར་པར་སྣེ་འཛིང་བའི་དཀའ་རྙོག་ལ་གཉའ་མ་ཞུམ་པར། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༠ ཉིན་རྒྱ་གར་མ་སུ་རིར་༸ཞབས་སོར་འཁོད་ནས་བདུན་ཕྲག་གཅིག་མ་སོང་གོང་། བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མིའི་སྤྱི་ཚོགས་བདེ་དོན་ལ་དམིགས་པའི་བཙན་བྱོལ་བོད་གཞུང་གསར་འཛུགས་བསྐྱངས་པ་མ་ཟད། ཕྱི་ལོ་ ༡༩༦༠ ལོར་དེང་རབས་མང་གཙོའི་ལམ་སྲོལ་དང་མཐུན་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་ནས་རིམ་པ་བཞིན་མང་ཚོགས་ཀྱི་ཁམས་མོས་དང་བསྟུན་གོམ་སྟབས་ཆེན་པོ་བཞིའི་སྒོ་ནས་ད་བར་སྒྲིག་འཛུགས་འདི་ཉིད་འཛམ་གླིང་འདིའི་བཙན་བྱོལ་སྤྱི་ཚོགས་གཞན་དུ་མཐོང་དཀོན་ཞིང་། ཀུན་གྱི་མིག་དཔེར་འོས་པའི་ཚགས་ཚུད་ཡར་རྒྱས་བྱུང་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་ནས་མང་གཙོའི་ལམ་ལུགས་ཅི་དགར་ལོངས་སུ་སྤྱོད་བཞིན་པའི་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་འདི་དག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟེང་ནས་གཤམ་དུ་སྐུལ་འདེད་སྣེ་ཁྲིད་མཛད་པའི་བྱིན་མཐུ་ཁོ་ན་ལས་བྱུང་བར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཡིན།
ལོ་རྗེས་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་གྱི་སྟ་གོན་དུ། ༸ཁོང་གི་མཛད་ཁུར་བཞི་ལས་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་སྐོར་འདི་ལོའི་༸སྐུའི་འཁྲུངས་སྐར་གྱི་བཀའ་ཤག་གི་གཏམ་བཤད་དུ་ཞུས་ཟིན་པ་ལྟར། ད་ལམ་དུས་ཆེན་མཛད་སྒོ་འདིར་མཛད་ཁུར་གཉིས་པ་སྟེ། ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་ལ་མཛད་པ་སྐྱོང་རིམ་རགས་བསྡུས་སུ་དྲན་གསོ་ཞུ་རྒྱུ་ཡིན་ཞེས་ད་བར་༸གོང་ས་མཆོག་གིས་ཆོས་ལུགས་མི་སྣ་མཇལ་འཕྲད་དང་ཆོས་ལུགས་མཐུན་སྒྲིལ་དགོས་པའི་བཀའ་སློབ་གནང་ཡོད་པའི་སྐོར་གྱི་གསུང་བཤད་གནང་སོང་།
དེ་ནས་བོད་ནང་གི་གནས་སྟངས་ཐད་ནས་བཀའ་ཤག་གིས་མུ་མཐུད་ནས་གསུང་དོན། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས། དེང་སང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཟེར་བའི་སྲིད་ཇུས་དེས་འགྲོ་འོང་དང་། སྤེལ་རེས། འདྲེས་བསྲེ་བཅས་གོམ་སྟབས་གསུམ་ལ་བརྟེན་ནས་བོད་མི་རིགས་རྩ་མེད་གཏོང་བའི་འཆར་གཞི་དང་དམིགས་ཚད་བཟུང་སྟེ། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། ཆོས་ལུགས། སློབ་གསོ་སོགས་ཀྱི་གཞུང་འབྲེལ་བྱེད་སྒོ་ཕལ་མོ་ཆེའི་ནང་གཞི་རྒྱ་ཆེ་བའི་ཐོག་ནས་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་ས་སྟོད་སྨད་བར་གསུམ་དུ་གྲོང་དང་གྲོང་བརྡལ། དགོན་སྡེ། སློབ་གྲྭ་བཅས་སུ་སློབ་སྦྱོང་དང་། ཟབ་ཁྲིད། གཏམ་བཤད། འདུ་འཛོམས། འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་བརྒྱུད། མངོན་སུམ་འཛེམས་མེད་དུ་བོད་མི་རིགས་རྣམས་སོ་སོའི་ངོ་བོ་དོར་ཏེ་ཀྲུང་ཧྭ་མི་རིགས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ལུགས་བཙན་འགེལ་བྱེད་བཞིན་ཡོད།
བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་། མི་རིགས་ཀྱི་ངོ་བོ་ནག་བསུབ། མི་ཚེ་སྐྱེལ་སྟངས་བཙན་བསྒྱུར་ལྟེ་བར་དམིགས་པའི་སྲིད་ཇུས་དེའི་ཆ་ཤས་སུ། བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་དང་བཟོ་བཀོད། རི་མོ་སོགས་བཤིག་གཏོར་དང་། བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭའི་ནང་ཕྱི་རྒྱར་སྒོ་བསྡམས་ཀྱིས་རྒྱའི་སྐད་ཡིག་དང་ལྟ་སྤྱོད་སློབ་སྤེལ་བྱེད་བཞིན་པའི་ཐོག །དེ་དག་གི་དཔེ་མཛོད་ཁང་དུ་ཡོད་པའི་ཆོས་ལུགས་དང་། ལོ་རྒྱུས། རིག་གནས་སོགས་བོད་མི་རིགས་དང་འབྲེལ་ཡོད་ཀྱི་དཔེ་དེབ་ཆ་ཚང་ཕྱིར་བསྡུ་དང་། སློབ་གྲྭའི་དཀྱིལ་འཁོར་དུ་ཐོན་མི་སཾ་བྷོ་ཊ་དང། གནའ་དེང་མཁས་པ་སོགས་ལོ་རྒྱུས་མི་སྣའི་པར་རིས་དང་སྐུ་བརྙན་རྣམས་སློབ་ཕྲུག་གི་མཐོང་ལམ་དུ་མི་མངོན་པར་བྱས་པ་སོགས་ཀྱི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།
དེ་བཞིན་དུ་ཕྱི་ཟླ་ ༦ ནང་ཨ་མདོ་རྔ་བ་ཁུལ་དུ་དགེ་འདུན་པ་དང་བཙུན་མ་བརྒྱ་ཕྲག་དུ་མ་དགོན་པ་ནས་བཙན་དབང་གིས་ཕྱིར་འབུད་དང་། ཕྱི་ཟླ་ ༦ ནང་དུས་རབས་ ༡༩ ནང་བཞེངས་སྐྲུན་གནང་བའི་ཨ་ཚོགས་དགོན་པ་ཤུལ་མེད་དུ་གཏོར་བ། ཕྱི་ཟླ་ ༧ ནང་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པ་སོགས་ཡ་ང་བའི་གནས་ཚུལ་འདི་དག་གིས་རྒྱ་ནག་གུང་ཁྲན་སྲིད་གཞུང་ནི་མང་གཙོ་དང་རང་དབང་། དྲང་བདེན། འདྲ་མཉམ། འཆམ་མཐུན་བཅས་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ལས་ལྡོག་སྟེ། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་མུན་ནག་དུས་རབས་ནང་ཕྱིར་བཤིག་རྒྱག་གི་ཡོད་པ་གསལ་པོ་ཆགས་ཡོད་ལ། རྒྱ་གཞུང་གིས་སོ་སོའི་ངན་སྤྱོད་དེ་རིགས་ཕྱི་ལ་སྦས་སྐུང་ཡང་བྱེད་ཀྱི་མེད། ཅེས་སོགས་གསུངས་སོང་།
དེ་ནས་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༤ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དེ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྒྲོག་སྦྱང་གནང་དོན། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུ་བའི་གལ་ཆེའི་ཉིན་མོ་འདི་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་རྒྱ་ཆེ་བཞེས་ཀྱིས་བོད་མིར་མང་གཙོ་གསོལ་སྩལ་གནང་སྟེ་རླབས་ཆེན་གྱི་ལམ་སྟོན་ཟབ་མོའི་འོག་རང་དབང་དང་། འདྲ་མཉམ། དྲང་བདེན་གཞི་རྩར་བཟུང་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོར་བསྐྱོད་རྒྱུའི་མང་ཚོགས་ནས་འོས་འདེམས་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་ཉིན་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་པ་དང་། ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༩ ཚེས་ ༢ ཉིན་གཞུང་འབྲེལ་གྱིས་མང་གཙོའི་དུས་དྲན་སྲུང་བརྩི་ཞུ་འགོ་ཚུགས་པ་ནས་ད་བར་སྲུང་བརྩི་ཞུ་མུས་ཡིན།
བཙན་བྱོལ་ནང་བོད་མིའི་ཆོས་དང་། རིག་གཞུང་། ཤེས་ཡོན། དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་འདི་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པས་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད། ཡིན་ནའང་རང་རིགས་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་ལོངས་སུ་སྤྱོད་རྒྱུའི་འགན་ཁུར་ལྡན་པའི་ཐོག་ཧ་ཅང་གཉན་འཕྲང་ཆེ་བའི་དུས་ཚོད་འདིར་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་བཅས་དར་རྒྱས་ཡོང་ཐབས་ལ་འབད་སྒྲུབ་གནང་དགོས་པ་གལ་ཆེར་མཐོང་།
བོད་ནང་གི་རང་རིགས་སྤུན་ཟླ་རྣམས་ཀྱིས་མང་གཙོའི་ལམ་ལུགས་ལ་ལོངས་སུ་སྤྱོད་རྒྱུ་ལྟ་ཞོག་རྒྱ་ནག་དམར་པོའི་གཞུང་གི་གདུག་རྩུབ་ཆེ་བའི་མཁྲེགས་བཟུང་གི་སྲིད་བྱུས་འོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་ཆེད་བོད་ཕྲུག་ན་གཞོན་ས་ཡ་གཅིག་ལྷག་ཙམ་གཏན་འཇགས་སློབ་གྲྭའི་ནང་དུ་བཅུག་ནས་རྒྱ་སྒྱུར་གྱི་སྲིད་བྱུས་དང་། བོད་ཀྱི་ཆོས་དང་། རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཆེད་བོད་ཀྱི་ཆོས་དང་། རིག་གཞུང་གི་ལྟེ་གནས་ཁག་རྩ་མེད་བཟོ་བའི་སྲིད་བྱུས་ལོ་མང་གོང་ནས་ལག་བསྟར་བྱེད་བཞིན་ཡོད། ཉེ་ཆར་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༢ ཉིན་བོད་མགོ་ལོག་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་བཙན་བཀའ་བཏང་སྟེ་འཕྲལ་དུ་སྒོ་རྒྱག་དགོས་བྱུང་ཡོད། སློབ་གླིང་དེ་བཞིན་ཕྱི་ལོ་ ༡༩༩༤ ལོ་ནས་རྒྱ་ནག་གཞུང་གི་ཚན་པ་མང་པོར་ཆོག་མཆན་ཞུས་པ་བརྒྱུད་གསར་འཛུགས་བྱས་པ་ཞིག་ཡིན་འདུག མི་ལོ་སུམ་ཅུ་ཙམ་གྱི་རིང་སློབ་གླིང་དེ་ནས་སློབ་མ་ཉིས་སྟོང་ལྔ་བརྒྱ་ལྷག་སློབ་མཐར་ཕྱིན་ཡོད་པ་དང་། མུ་མཐུད་སློབ་གཉེར་བྱེད་བཞིན་པ་བརྒྱ་ཕྲག་མང་པོ་ཡོད་མུས་ཡིན། བོད་ཕྲུག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ས་སྒེར་གཉེར་སློབ་གྲྭ་དེ་དངོས་སུ་མཚམས་བཞག་དགོས་བྱུང་བར་སློབ་གླིང་གི་དགེ་སློབ་དང་ལས་མི་རྣམས་ལ་བཟོད་ཀྱིས་མི་ལངས་པའི་སྡུག་བསྔལ་བྱུང་ཡོད་པ་སྨོས་ཅི། བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་། བོད་ཀྱི་རིག་གཞུང་ལ་དགའ་ཞེན་གནང་མཁན་ཕྱི་རྒྱལ་མི་རིགས་ཚོར་ཡང་ཡིད་སྐྱོ་བློ་ཕམ་ཚད་མེད་བྱུང་ཡོད།
དེ་བཞིན་འདི་ལོའི་ཟླ་ ༥ པ་ཙམ་ནས་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་དང་། སྟག་ཚང་ལྷ་མོ་ཀིརྟི་དགོན་གཉིས་ཀྱི་ལོ་ཆུང་གྲྭ་གཞོན་བརྒྱ་ཕྲག་མང་པོ་ས་གནས་རྒྱ་གཞུང་གི་སློབ་གྲྭར་གཏོང་དགོས་ཞེས་དགོན་པའི་ནང་ནས་བཙན་ཕུད་གཏོང་བཞིན་པར་མ་ཟད། ལོ་ཆུང་གྲྭ་གཞོན་ཚོའི་ཕ་མ་དང་ཉེ་འབྲེལ་ཚོར་དངོས་སུ་སུན་གཙེར་འཇིགས་སྐུལ་བྱེད་བཞིན་པ་དང་། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཡོངས་རྫོགས་ཀྱི་གྲྭ་རྒྱུན་གྱི་གནས་སྟངས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེེད་བཞིན་པར་བརྟེན། དེང་སྐབས་བོད་ནང་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་དང་བཅས་པ་རྩ་མེད་བཟོ་བའི་རྒྱ་གཞུང་གི་ཆེས་གདུག་རྩུབ་ཆེ་བའི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་སུ་འཛམ་གླིང་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ཞུ་སྐུལ་དང་ལས་འགུལ་གང་མང་སྤེལ་དགོས་པའི་དུས་ལ་སླེབས་ཡོད། ཅེས་སོགས་གསུངས་སོང་།
དེ་ནས་ཨི་སི་ཊོ་ནི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོའ་སི་ཁྲིར་ཌིར་ལགས་ནས་གཏམ་བཤད་གནང་སོང་། ཁོང་གིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བསྟན་ཆེད་གསོལ་བ་སྨོན་ལམ་བཏབ་སོང་། དེ་ནས་དམངས་གཙོའི་གལ་ཆེན་རང་བཞིན་དང་དམངས་གཙོའི་ནང་དུ་རང་བཙན་གཙོས་ལྟ་བ་འཁྱེར་མཁན་འདྲ་མི་ཡོང་ཆོག་ཡོད་སྐོར་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུལ་ལགས་དཔེ་མཚོན་བཞག་སོང་། དེ་ནས་ཁོང་གིས་ཁོ་རང་གཞོན་སྐྱེས་ཡིན་སྐབས་བཞུགས་སྒར་རྡ་སའི་གཙུག་ལག་ཁང་དུ་ཐེངས་ཤིག་ཡོང་སྐབས་༸གོང་ས་མཆོག་གིས་ཁོའི་མགོ་ལ་ཐུག་ནས་བུ་འདི་གྲུང་པོ་འདུག་ཅེས་གསུངས་སོང་ཅེས་འགྲེལ་བརྗོད་གནང་སོང་། དེ་ནས་བཟུང་ཁོ་རང་གིས་མ་འོངས་དེ་བཞིན་གྲུང་པོ་བྱ་དགོས་ཀྱི་ཡོད་ཅེས་དྲན་སོང་བ་དང་། དེ་ནས་བོད་དོན་རྒྱབ་སྐོར་ཞུ་འགོ་བརྩམས་ཡོད་པ་དང་ད་ཐེངས་རྩིས་ན་ཁོང་གིས་སྣེ་ཁྲིད་འོག་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཐེངས་གསུམ་བཞུགས་སྒར་རྡ་སར་ཁྲིད་ཡོད་སྐོར་དང་། ༸གོང་ས་མཆོག་གི་དགོངས་པ་གང་མཚམས་ཤིག་བསྒྲུབས་ཡོད་པ་དྲན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
དེའི་རྗེས་གྲོས་ཚོགས་འཐུས་མི་ཀར་མེན-ཇོ་ལེར་ལགས་ཀྱིས་བོད་དང་ཨི་སི་ཊོ་ནི་ཡའི་རང་དབང་འཐབ་རྩོད་དང་གནས་སྟངས་སྐོར་འདྲ་མཚུངས་བྱུང་ཡོད་སྐོར་སོགས་ཀྱི་གཏམ་བཤད་གནང་རྗེས། གྲོས་ཚོགས་འཐུས་མི་ཨེ་སི་ཁྲེར་ལགས་ཀྱིས་ང་ཚོས་ཁྱེད་ཚོར་གདུང་སེམས་མཉམ་སྐྱེ་དང་བོད་དོན་ལ་རྒྱབ་སྐྱོར་བྱ་ཆེད་འདིར་ཡོང་བ་ཡིན། དེ་ལས་ལྷག་པ་ངས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་དཀའ་ངལ་སྐོར་ངའི་ལས་རོགས་དང་། ཡུ་རོབ། དེ་ལས་རྒྱ་ཆེ་ས་ནས་འཛམ་བུ་གླིང་ལ་འཆད་རྒྱུ་ཡིན། མི་མང་པོས་བོད་དོན་སྐོར་ཤེས་ཀྱི་མེད། འོན་ཀྱང་ཁོ་ཚོར་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དེ་ང་ཚོའི་ལས་འགན་རེད། ཉིན་དེ་རིང་ནས་བཟུང་ང་དང་ངའི་ལས་རོགས་ཚོས་བོད་དོན་སྐོར་གླེང་སློང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོར་ཨི་སི་ཊོ་ནི་ཡ་གྲོས་ཚོགས་འཐུས་མི་ཇུ་ཀུ-ཀཱ་ལེ་རིད་ལགས་ཀྱིས་དེ་རིང་ང་ཚོས་བོད་ཀྱི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་གི་ཡོད། མང་གཙོ་ནི་སྲིད་དབང་སྒེར་འཛིན་རིང་ལུགས་ལས་ཧ་ཅང་གི་ཡག་གི་རེད། རྒྱ་ནག་དང་། ཨི་རན། བྱང་ཀོ་རི་ཡ་སོགས་ནི་སྲིད་དབང་སྒེར་འཛིན་པའི་དབང་སྒྱུར་འོག་ཏུ་ཡོད། མང་གཙོ་ལག་བསྟར་ཚུལ་བཞིན་བྱེད་ཐུབ་ན་ཡག་པོ་ཡོད། མང་གཙོ་ནི་ལག་ཆ་ལྟ་བུ་རེད། དེ་བེད་སྤྱོད་གཏང་རྒྱུ་ལས་སླ་པོ་མེད། མང་གཙོ་ལག་བསྟར་ཚུལ་བཞིན་བྱེད་མ་ཤེས་ན་དཀའ་ངལ་འཕྲད་སྲིད་པ་རེད། མང་གཙོའི་ལམ་སྲོལ་དེ་རྙིང་པ་ཞེ་དྲག་མ་རེད། རྒྱ་ནག་ལའང་མང་གཙོ་ལག་བསྟར་བྱ་རྒྱུའི་གོ་སྐབས་བྱུང་ཡོད། མང་གཙོ་ནི་བསམ་ཚུལ་འདྲ་མིན་ལ་བསམ་ཤེས་ཀྱིས་རང་དབང་ལྡན་ཞིང་ཞི་བདེའི་འཚོ་བ་སྐྱེལ་རྒྱུ་དེ་རེད། མང་གཙོའི་ནང་ཕན་ཚུན་བསམ་ཤེས་གུ་ཡངས་བྱ་དགོས། ང་ཚོ་ཕན་ཚུན་བར་ལྟ་བ་ལངས་ཕྱོགས་མི་མཐུན་པ་ཡོད་ནའང་གཞི་རྩ་དེ་རང་དབང་རེད། དེང་སང་འཛམ་བུ་གླིང་འདི་རང་དབང་ནས་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པས། དེ་ནི་བློ་འཚབ་སྐྱེ་གཞི་ཞིག་རེད། ཉེ་ཆར་རྒྱ་ནག་གཞུང་ཚབ་ཁང་གི་ཡི་གེ་ཞིག་བཏང་འདུག་པ་དེའི་ནང་ང་རང་གླེན་པ་རེད་ཅེས་གསལ་འདུག་པ་མ་ཟད། རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་བ་ཡིན་ཞེས་རྫུན་གཏམ་བསྐྱར་བཤད་བྱས་འདུག རང་དབང་གི་ལས་འགུལ་དེ་མི་རེ་ངོ་རེ་ལས་འགོ་བཙུགས་དགོས། ང་ཚོས་ཁྱེད་རྣམ་པར་རྒྱབ་སྐྱོར་བྱེད་ངེས་རེད། བྱས་ཙང་དེ་རིང་ང་ཚོ་འདིར་བཅར་བ་ཡིན། ཨི་སི་ཊོ་ནི་ཡ་གྲོས་ཚོགས་ནས་གཞུང་འབྲེལ་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། རང་དབང་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་འཆང་གི་ཡོད། ཅེས་གསུངས་སོང་།
དེ་ནས་ཕུལ་བྱུང་སློབ་ཡོན་བཞེས་མཁན་སློབ་ཕྲུག་གྲངས་༢ ལ་ཕྱག་འཁྱེར་དང་གློག་ཀླད། དེ་བཞིན་རིག་ཚན་སོ་སོར་རྩེ་ཕུད་སོན་པའི་སློབ་ཕྲུག་གྲངས་༡༡ ལ་དགའ་ལྡན་ཕོ་བྲང་གི་གཟེངས་བསྟོད་ཕྱག་འཁྱེར་དང་། འབུམ་རམས་པ་ཆེ་བསྟོད་བྱ་དགའ་བཞེས་མཁན་གྲངས་༡༦ ལ་ཕྱག་འཁྱེར་དང་ལེགས་གསོལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་༢༥ ཡན་འཁོར་མཁན་ལས་བྱེད་༤ ལ་ལེགས་གསོལ་ཕྱག་འཁྱེར་བཅས་གནང་སོང་། མཐའ་མར་ཡོངས་གླིང་སློབ་གྲྭའི་སློབ་མ་ནས་སྐར་མ་ཁྲ་འཛུམ་ཞེས་པ་འཁྲབ་སྟོན་དང་། རྡ་སྟེང་བོད་ཁྱིམ་གྱི་སློབ་མ་ནས་ཨ་མདོའི་འཁྲབ་གཞས་འཁྲབ་སྟོན། དེ་ནས་ཤོད་བོད་ཁྱིམ་གྱི་སློབ་མ་ནས་ནང་མ་བྱ་ལ་ཞེས་པ་འཁྲབ་སྟོན་དང་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་སློབ་མ་ནས་མདོ་སྨད་གསེར་ཁྲི་མངའ་གསོལ་ཞེས་པ་འཁྲབ་སྟོན་བྱས་ནས་མཛད་སྒོ་གྲོལ་སོང་།