ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༡༠ ཉིན། ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བོད་མི་རིགས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་བཟོ་བཞིན་པའི་ངན་པའི་ཐབས་བྱུས་འཕྲལ་དུ་མཚམས་འཇོག་དགོས་ཞེས་དང་། རྒྱའི་བཙོན་ཁང་ནང་མནར་གཅོད་ཚད་མེད་མྱོང་བཞིན་པའི་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་ནས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་གཞོན་ལྷན་གྱི་ཚོགས་མི་དང་བོད་མི་གཞན་ཁག་ཅིག་གིས་ཨ་རི་ནིའུ་ཡོག་གྲོང་འཁྱེར་ནང་གི་ཇ་སོན-ཧེ་སི་(Jackson Heights)་ནས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་དབར་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་།
སྐབས་དེར། བོད་མི་ལས་འགུལ་བ་བཅུ་གྲངས་ཤིག་མཉམ་ཞུགས་གནང་ནས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དྲིལ་བསྒྲགས་དང་བོད་ནང་གི་ཉག་ཕྲ་བའི་གནས་སྟངས་སོགས་ཀྱི་ཐད་མི་མང་ལ་གོ་རྟོགས་སྤེལ་ཡོད་འདུག དེ་ནས་ཁོ་ཚོས་ནིའུ་ཡོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ནས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་མཇུག་བསྡུས་གནང་འདུག
ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐེངས་འདིའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་བརྒྱུད་དགོས་དོན་ཞུ་སྐུལ་ཁག་ནི།
༡༽ རྒྱ་ནག་གཞུང་ལ་བོད་དོན་དཀའ་སེལ་སླད་མྱུར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་སྐུ་ཚབ་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་གནང་དགོས་པ་དང་།
༢༽བོད་ནང་ལག་བསྟར་བྱེད་བཞིན་པའི་བོད་མི་རིགས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་བཟོ་བཞིན་པའི་ངན་པའི་ཐབས་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ།
༣༽ རྒྱའི་བཙོན་ཁང་ནང་མནར་གཅོད་ཚད་མེད་མྱོང་བཞིན་པའི་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས།
༤༽རྒྱ་དམར་གཞུང་གི་རྒྱ་བསྐྱེད་རིང་ལུགས་ཀྱི་ངན་པའི་སྲིད་བྱུས་འདི་བཞིན་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་ཉན་ཁ་ཆེ་བའི་སྲིད་བྱུས་ལ་ངོས་འཛིན་བྱས་ཏེ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་མང་ཚོགས་ཡོངས་ནས་སྐབས་བསྟུན་གདོང་ལེན་ངོ་རྒོལ་བྱ་དགོས། ཞེས་འབོད་སྒྲ་དང་དགོས་འདུན་བཏོན་འདུག