04
ཕུར།, བཅིུས།

ཕྱི་ལོ་༢༠༢༤་ཟླ་༦ ཚེས་༡༩ ཉིན། བཞུགས་སྒར་རྡ་སར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤་ཟླ་༦ ཚེས་༡༩ ཉིན། བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་མ་འཚོགས་སྔོན། བཞུགས་སྒར་རྡ་རམ་སའི་རྒྱལ་བའི་ཕོ་བྲང་དུ། སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བདུན་དང་ལས་བྱེད་སོགས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ཚོས་ཁོང་ལ་བོད་དོན་ཁྲིམས་འཆར་སྐོར་སོགས་ཡར་ཞུས་གནང་ཡོད་འདུག

དེའི་རྗེས། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་ཞིག་སོང་། མཛད་སྒོའི་ཐོག བོད་དོན་རྒྱབ་སྐྱོར་བ་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་(Nancy Pelosi)་མཆོག་དང་། བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་(Resolve Tibet Act)་འདོན་མཁན་གྲོས་ཚོགས་འཐུས་མི་ཇིམ་མ་ཁི་གྷོ་ཝེན་(Jim McGovern)་དང་། འཐུས་མི་མི་ཁུལ་མེ་ཁོ་ལི་(Michael McCaul)་མཆོག གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་གྷེ་རེ་གོ་རི་མིག་ (Gregory Meeks) མཆོག གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ནང་གསེས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གིས་ཚོགས་གཞོན་སྐུ་ཞབས་ཨ་མི་བྷེ་ར་ (Ami Bera) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་རིཡ་ནེ་ཊི་མི་ལར་མིག་ (Mariannette Miller-Meeks) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཀོལ་མ་ལིའོ་ཏ་ཀིས་ (Nicole Malliotakis) མཆོག བོད་མི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ལས་བྱེད་ཕེབས་གནང་འདུག དེ་བཞིན་རྡ་ས་ཁུལ་གྱི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་འདུག

ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་མུར། ་སྲིད་སྐྱོང་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སོང་། དེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཕེབས་བསུ་དང་འབྲེལ་གསུང་དོན། ད་ཐེངས་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཁོངས་སུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་ལྷན་བཅར་ཞུས་ཡོད་པས། ཨ་རིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་པོ་ཡོད་པ་བསྟན་གྱིས་ཡོད་། གྲོས་ཚོགས་འཐུས་མི་རྣམ་པས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྒྱབ་སྐྱོར་ཡུན་རིང་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་ཡོད། ཁྲིམས་ཡིག་དེ་རིང་མིན་ཨ་རིའི་སྲིད་འཛིན་ཇོ་བྷན་ཌན་མཆོག་གིས་མཚན་རྟགས་དགོད་རྒྱུའི་རེ་བ་སྐྱོན་གྱི་ཡོད།། གལ་ཏེ་ཁྲིམས་འཆར་དེ་ཨ་རི་གཞུང་གི་ཁྲིམས་ཡིག་ཏུ་འགྱུར་ཚེ་ཨ་རི་གཞུང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་པར་གདོང་ལེན་བྱ་རྒྱུ་མ་ཟད། རྒྱ་ནག་གཞུང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་དབུ་ཁྲིད་བར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་རྒྱུར་སྐུལ་དེད་གནང་རྒྱུ་རེད་ཅེས་གསུངས་སོང་།

དེའི་རྗེས། སྲིད་སྐྱོང་མཆོག་དང་ཚོགས་གཙོ་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པར་ཆེ་བསྟོད་མཚོན་ཆེད་སྐུ་ཐང་རེ་དང་། ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་མཚོན་རྟགས་སུ་བོད་དངུལ་པར་སྒྲོམ་ནང་བསྒྲིགས་ཏེ་ཕུལ་སོང་།

དེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མ་ཧི་ཀལ་མེག་ཀོལ་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་དོན། ང་ཚོ་འདིར་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ ༸གོང་ས་རྒྱལ་བ་རིན་བ་རིན་པོ་མཆོག་མཇལ་བར་ཡོང་བ་ཡིན། ལོ་ངོ་ ༦༥ སྔོན་དུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་བཙན་བཟུང་བྱས་རྗེས་ ༸གོང་ས་མཆོག་དང་ཁོང་གི་རྗེས་འབྲང་མི་མང་ཁྲི་བརྒྱད་ལྷག་བཙན་བྱོལ་དུ་བྲོས་དགོས་བྱུང་བ་རེད། བོད་མི་རྣམས་ནས་རང་གི་རིག་གཞུང་གོམས་སྲོལ་སྲུང་སྐྱོབ་ཆེད་རང་གི་ཕ་མ་སྤུན་མཆེད་དང་། གྲོགས་པོ་གྲོགས་མོ་རྒྱབ་ཏུ་བཞག་ནས་བྲོས་ཡོང་བ་རེད། རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་༸གོང་ས་མཆོག་དང་ཁོང་གི་རྗེས་འབྲང་བ་རྣམས་འདིར་རང་དབང་ལྡན་པའི་ངང་ནས་རང་གི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་བཞིན་འཚོ་བ་སྐྱེལ་གྱི་ཡོད། ཉིན་གཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་མི་མང་རྣམས་རང་ཡུལ་བོད་ལ་ལོག་ཐུབ་པའི་རེ་བ་ཞུ་གི་ཡོད། རྒྱ་ནག་གཞུང་གིས་བོད་ས་བཙན་འཕྲོག་བྱས་ནའང་བོད་ཀྱི་ཆོས་དང་རིག་གཞུང་འཕྲོག་ཐུབ་ཀྱི་མེད་། བར་ལམ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུའི་ཐག་གཅོད་བྱུང་རྗེས་རྒྱ་ནག་གཞུང་གིས་སྐུ་ཚབ་ཚོགས་ཆུང་ལ་དེ་ལྟར་ཕེབས་ན་འགྲིག་གི་མེད་ཚུལ་གྱི་ཡིག་གེ་འབྱོར་སོང་། འོན་ཀྱང་། ཨ་རིའི་གྲོས་ཚོགས་ནས་དེ་ལ་སྣང་བ་མ་གཏད་པར་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་རྡ་རམ་སར་སླེབས་ཡིན། ཞེས་གསུངས་སོང་།

དེའི་རྗེས། གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་གྷེ་རེ་གོ་རི་མིག་གིས་གསུང་བཤད་གནང་དོན། དེ་རིང་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་ངས་ནམ་ཡང་བརྗེད་མི་སྲིད། ཁོང་གི་རྣམ་དཔྱོད་དང་། བཟང་སྤྱོད། སྙིང་སྟོབས་ཀྱིས་སེམས་འགུལ་ཐེབས་བྱུང་བ་མ་ཟད། ངས་མི་ཚེ་ནང་ལག་བསྟར་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ང་ཨ་རི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་འདིར་སླེབས་ཡོད། ང་ཚོ་ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་འཐབ་རྩོད་ཆེད་སྐུ་ལས་སྐྱོན་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མཉའ་གནོན་ཤུགས་ཆེར་གཏོང་བཞིན་པ་དང་། བོད་ཕྲུག་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭར་གཏོང་གི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། རྒྱ་གཞུང་གིས་བོད་མི་ལས་འགུལ་བ་དང་། གཞས་པ། རྩོམ་པ་པོ། དགེ་རྒན་ལ་སོགས་བོད་མི་བརྒྱ་ཕྲག་མང་པོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་པ་དང་། ནང་པའི་ཆོས་ཉམས་ལེན་བྱེད་པར་བཙོན་འཇུག་བྱེད་བཞིན་པ་ང་ཚོས་ཤེས་ཀྱི་ཡོད་ལ་དེར་སེམས་འཚབ་བྱེད་ཀྱི་ཡོད། ང་ཚོས་རྒྱ་ནག་གཞུང་གིས་ད་བར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དང་། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་ཞི་མོལ་བྱ་དགོས་པའི་འབོད་སྐུལ་ཞུ་གི་ཡོད། མ་འོངས་པར་བོད་ཕྲུག་རྣམས་ནས་རང་གི་ཕ་སྐད་ཤོད་རྒྱུ་དང་། རིག་གཞུང་དང་ལམ་སྲོལ་སོགས་རྒྱུན་འཛིན་བྱ་བར་འབད་རྩོལ་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ལ་ཡིད་ཆེས་ཡོད། ངས་མ་འོངས་བོད་མི་རྣམས་རང་གི་ཕ་ཡུལ་བོད་དུ་ལོག་ཐུབ་པ་དང་། རང་གི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་ཐུབ་པ། རང་གི་མི་ཚེ་ཞི་བདེ་དང་ཆེ་མཐོང་དང་ལྡན་པའི་ངང་སྐྱེལ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ཅེས་གསུངས་སོང་།

དེ་ནས་གྲོས་ཚོགས་འཐུས་མི་ཇིམ་མ་ཁི་གྷོ་ཝེན་མཆོག་གིས་ཁོང་དང་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་བཅས་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་དེ་སྔོན་བོད་དུ་ཆེད་ཕེབས་ སྐབས་རྒྱ་ནག་གཞུང་གིས་བོད་མི་ཚོར་སྡུག་རྩུབ་གཏོང་བཞིན་པའི་གནས་སྟངས་མཐོང་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོ་ཚད་ལྡན་ལག་བསྟར་བྱེད་བཞིན་པར་བསྔགས་བརྗོད་གནང་བ་མ་ཟད། རྒྱ་ནག་གཞུང་ལྟར་མ་ཡིན་པར་བཙན་བྱོལ་བོད་མི་རྣམས་ནས་རང་གི་དབུ་ཁྲིད་སྲིད་སྐྱོང་འོས་བསྡུའི་ལམ་ནས་འདེམས་ཀྱི་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ནི་བཙན་གནོན་དང་ཡུལ་གྱར་བ་རྣམས་ཀྱི་མིག་ལྟོས་ལྟ་ས་ཞིག་ཆགས་ཡོད་སྐོར། ཨ་རི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་མུ་མཐུད་ནས་གནང་གི་རེད་ཅེས་སོགས་གསུངས་སོང་།

དེ་རྗེས་གྲོས་ཚོགས་འཐུས་མི་ཨ་མི་བྷེ་ར་ (Ami Bera) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་རིཡ་ནེ་ཊི་མི་ལར་མིག་ (Mariannette Miller-Meeks) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཀོལ་མ་ལིའོ་ཏ་ཀིས་ (Nicole Malliotakis) མཆོག་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་སོང་།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་འདིར་བཅར་བ་དང་། དེ་རིང་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་དངོས་གནས་བསོད་ནམས་ཆེན་པོ་ཡིན། ཁྱེད་ཚོས་ང་ཚོར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། འོན་ཀྱང་ང་ཚོས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གང་ཡིན་ཞེ་ན་ཨ་རིའི་གྲོས་ཚོགས་གོང་འོག་ནང་ཉེ་ཆར་ཁྲིམས་འཆར་གཏན་འབེབས་བྱུང་བ་དེ་ང་ཚོ་ཚང་མས་དུས་ཡུན་རིང་པོ་ནས་དཀའ་ལས་བརྒྱབ་པ་ཞིག་རེད། དེར་༸གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་དང་། གྲོས་ཚོགས་འཐུས་མི་རྣམས་ཀྱི་འབད་བརྩོན་ལ་བརྟེན་ནས་ཡར་རྒྱས་ཀྱི་རྣམ་པ་ཞིག་ཐོན་ཐུབ་པ་བྱུང་ཡོད། ཁྲིམས་འཆར་འདིས་ང་ཚོས་བོད་རྒྱའི་དཀའ་རྙོག་སྐོར་ཤེས་རྟོགས་ཡོད་པ་མཚོན་གྱི་ཡོད། ཅེས་དང་།

ཁོང་མོས་མུ་མཐུད་ནས་གསུང་དོན། ཐེངས་ཞིག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་སླེབས་སོང་། སྐབས་དེར། ངས་ཁོ་ལ་རྒྱ་ནག་གཞུང་གིས་བོད་དང་བོད་མིར་བཙན་གནོན་གཏོང་བཞིན་པར་ངོ་རྒོལ་བྱེད་ཀྱི་ཡོད་བརྗོད་པ་ཡིན། རྒྱ་ནག་གི་སྲིད་འཛིན་གྱིས་ཁྱེད་ཚོས་བོད་ནང་དུ་ཡར་རྒྱས་ཀྱི་རྣམ་པ་དེ་དག་ཤེས་ཀྱི་ཡོད་མ་རེད། ཁྱེད་ཚོ་བོད་དུ་ཕྱིན་ནས་ལྟ་ཆོག་ཅེས་ལན་བྱུང་བར་ངས་ཐུགས་རྗེ་ཆེ་ཞེས་ཞུས་པ་ཡིན། ད་བར་ལོ་ངོ་ ༢༥ རིང་བོད་ལ་འགྲོ་ཐབས་བྱེད་ཀྱང་བཀག་སྡོམ་བྱས་སོང་། གོ་སྐབས་འདི་སྤྲད་པ་ཐུགས་རྗེ་ཆེ་ལབ་པ་ཡིན། དེ་ནས་ཨ་རིའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་ཞིག་བོད་དུ་ཕྱིན་པ་ཡིན། སྐབས་དེར་ང་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་མཐོང་བྱུང་། ང་ཚོས་ཕོ་བྲང་པོ་ཏཱ་ལ་མཇལ་བ་མ་ཟད། ༸གོང་ས་མཆོག་གི་གཟིམ་ཆུང་ཡང་མཇལ་རྒྱུ་བྱུང་སོང་། ལྷ་ས་གྲོང་ཁྱེར་དུ་ང་ཚོས་༸གོང་ས་མཆོག་གི་མཚན་ཡང་གླེང་བ་ཡིན། སྐབས་དེར་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བྱུས་བྱེད་བཞིན་པ་ངས་ཚོར་བྱུང་། ང་ཚོ་ཚང་མས་རྒྱ་ནག་གཞུང་གང་འདྲ་ཡིན་མིན་ཤེས་ཀྱི་ཡོད་པ་དང་། གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་འཆར་འདི་བརྒྱུད་རྒྱ་གཞུང་ལ་བརྡ་ལན་ཞིག་འབྱོར་ངེས་ཡིན། ང་ཚོའི་འཐབ་རྩོད་དེ་མ་འོངས་སོན་རྩའི་ཆེད་དུ་ཡིན་དུས་བོད་ནང་དུ་ཡོད་པའི་བོད་ཕྲུག་རྣམས་ལ་རྒྱ་གཞུང་གིས་རྒྱ་སྒྱུར་གྱི་སྲིད་བྱུས་འོག་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱས་པ་དང་། དོགས་སྲུང་བྱས་པ་སོགས་ང་ཚོས་སྣང་མེད་ནམ་ཡང་གཏོང་ཐུབ་ཐབས་མེད། ཅེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་སྙིང་རྗེའི་བསླབ་བྱ་དེ་མུ་མཐུད་འཛམ་གླིང་འདིར་གནས་ཀྱི་རེད། ཡིན་ནའང་རྒྱ་ནག་གི་སྲིད་འཛིན་གྱི་བྱས་རྗེས་རྣམས་འཛམ་གླིང་མི་སུས་ཀྱང་དྲན་གྱི་མ་རེད། བོད་མི་ཚོའི་ཡིད་ཆེས་དང་རེ་བ་བརྟན་པོ་བཅང་བ་དེ་ལ་བརྟེན་ནས་བོད་དུ་ཁྱད་པར་ཞིག་ཏན་ཏན་བཟོ་ཐུབ། ཅེས་སོགས་གསུངས་སོང་།

མཛད་སྒོ་གྲོས་རྗེས། མི་མང་རྣམས་ཀྱིས་ཀྱང་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ནས་འཐམ་པ་དང་ལག་པ་གཏོང་བ། ཁ་བཏགས་འབུལ་བ་སོགས་བྱས་སོང་།