ཕྱི་ལོ་༢༠༢༤ ཟླ ༦ ཚེས་༡༨ ཉིན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བདུན་དང་ལས་བྱེད་སོགས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཀང་ར་རྫོང་གི་ཉེ་འཁྲིས་སུ་ཡོད་པའི་གྷ་གྷལ་གནམ་ཐང་དུ་བདེ་འབྱོར་གནང་སོང་། ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་དུ་བོད་དོན་རྒྱབ་སྐྱོར་བ་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་(Nancy Pelosi)་མཆོག་དང་། བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་(Resolve Tibet Act)་འདོན་མཁན་གྲོས་ཚོགས་འཐུས་མི་ཇིམ་མ་ཁི་གྷོ་ཝེན་(Jim McGovern)་དང་། འཐུས་མི་མི་ཁུལ་མེ་ཁོ་ལི་(Michael McCaul)་སོགས་ཕེབས་གནང་འདུག
ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚོགས་ཆུང་བཞུགས་སྒར་རྡ་རམ་སར་ཕེབས་དོན་གཙོ་བོ་ནི། ༸སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱས་པའི་ཐུགས་རྗེ་ཆེའི་དགའ་སྟོན་མཛད་སྒོར་ཕེབས་རྒྱུ་བཅས་ཡིན་འདུག གནམ་ཐང་ལ་ཕེབས་བསུ་བཅར་མཁན་ནི་ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་ལས་བྱེད། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སེར་སྐྱ་བོད་མི་རྣམས་སྤྲོ་སེམས་ཁོལ་བའི་ངང་ལག་ཏུ་ཁ་བཏགས་དང་མེ་ཏོག་བཟུང་ནས་ཁོང་ཚོ་ཕེབས་བསུ་རྒྱ་ཆེར་ཞུས་སོང་།
སྐུ་ཚབ་ཚོགས་ཆུང་བཞུགས་གནས་མགྲོན་ཁང་གི་མདུན་དུ་འབྱོར་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་དྲུང་ཆེ། ལས་བྱེད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལས་བྱེད། མི་མང་བཅས་ནས་ཕེབས་བསུ་ཞུས་འདུག
ཉིན་རྒྱབ་ཆུ་ཚོད་༤ ཐོག སྐུ་ཚབ་ཚོགས་ཆུང་གངས་སྐྱིད་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་ལས་བྱེད་རྣམ་པས་ཕེབས་བསུའི་སྣེ་ལེན་དང་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཇལ་མོལ་གནང་འདུག
དེའི་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་དུ་འཚམས་གཟིགས་ཕེབས་ཡོད་པ་དང་ཁོང་རྣམ་པས་བོད་ཀྱི་ལོ་རྒྱུས་དང་ཆོས། རིག་གཞུང་། རྒྱ་དམར་གཞུང་གིས་བོད་བཙན་འཛུལ་བྱེད་སྐབས་ཆུ་བཞི་སྒང་དྲུག་གི་དམག་མི་གཙོས་བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་ལ་ཇི་ལྟར་འཐབ་འཛིང་བྱས་ཡོད་པའི་སྐོར། ༸སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་གཙོས་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ཏུ་བྲོས་འབྱོར་ཡོང་བའི་སྐོར། དེ་བཞིན་བོད་མི་༡༦༠་ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་སྐོར། བོད་ནང་ཆོས་དད་དང་སྐད་ཡིག་རང་དབང་མེད་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐོང་ལ་རྒྱ་གཞུང་གིས་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར་སོགས་ཀྱི་གནས་ཚུལ་རྣམས་གསན་པ་དང་གཟིགས་པ་མྱོང་བ་བཅས་གནང་ཡོད་འདུག