ཕྱི་ལོ་༢༠༢༤ ཟླ་༡༡ ཚེས་༡ ཉིན། བཞུགས་སྒར་རྡ་རམ་སའི་མོག་གྷན་དུ། བོད་ཀྱི་སྒྱུལ་རྩལ་ཚོགས་པ་ཁ་དོག་ཅེས་པའི་གོ་སྒྲིག་འོག ངེས་མེད་(Unsettled) ཞེས་པའི་མཉམ་འབྲེལ་རི་མོ་སྒྱུ་རྩལ་འགྲེམས་སྟོན་ཞིག་འགོ་འཛུགས་གནང་སོང་། སྒྱུ་རྩལ་གྱི་བརྩམས་ཆོས་དེ་དག་གིས་བོད་ཀྱི་ངོ་བོ་དང་གནས་གྱར་གྱི་གནས་སྟངས་སོགས་མཚོན་པ་གནང་ཡོད་འདུག ངེས་མེད་ཅེས་པའི་འགྲེམས་སྟོན་འདིས་གཞི་འཐོར་གྱི་ཁྲོད་ནས་དོན་སྙིང་དང་། ངོ་བོ། ཁྱིམ་བཅས་འཚོལ་སྙེག་བྱེད་པའི་འགྲོ་བ་མིའི་ཐུན་མོང་གི་འགྲུལ་བཞུད་དེ་འཚོལ་ཞིབ་བྱེད་ཀྱི་ཡོད་ཅིང་། སྒྱུ་རྩལ་བ་རྣམས་ཀྱིས་རང་གི་སྒྱུ་རྩལ་བརྒྱུད་སྣ་མང་རང་བཞིན་ལྡན་པའི་འབོད་སྒྲ་རྣམས་འབྲེལ་མཐུད་བྱེད་ཡོད་ཅིང་། སྒྱུ་རྩལ་གྱི་བརྩམས་ཆོས་རེ་རེས་སྒེར་གྱི་གཏམ་རྒྱུད་རེ་རེ་མཚོན་གྱི་ཡོད་ཀྱང་། ཁྱོན་ཡོངས་ནས་ཐུན་མོང་གི་གཏམ་རྒྱུད་ཅིག་མཚོན་པར་བྱས་ཏེ་དྲན་པ་དང་རེ་བ་གཉིས་དོ་མཉམ་པར་བྱས་ཡོད་འདུག
དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ པའི་ཐོག བཞུགས་སྒར་རྡ་རམ་སའི་མོག་གྷན་དུ་ཡོད་པའི་སངས་རྒྱས་གནས་ཁང་(Buddha Abode) ཞེས་པའི་མགྲོན་ཁང་གི་ཐོག་བརྩེགས་དང་པོར། བོད་ཀྱི་སྒྱུལ་རྩལ་ཚོགས་པ་ཁ་དོག་གིས་བོད་ཀྱི་སྒྱུལ་རྩལ་པ་༢༠་ཡི་རི་མོ་འགྲེམས་སྟོན་ཞིག་དབུ་དབྱེད་གནང་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་བཞུགས་སྒར་རྡ་རམ་ས་ལའི་སྒྱུལ་རྩལ་བ་དང་གཞས་པ། ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། གཞོན་སྐྱེས་བཅས་ཁྱོན་མི་གྲངས་༥༠ ལྷག་མཉམ་ཞུགས་གནང་ཡོད་འདུག འགྲེམས་སྟོན་འདི་ཟླ་འདིའི་ཚེས་༡་ནས་༡༦ དབར་དུ་ཡོད་འདུག
བོད་ཀྱི་སྒྱུ་རྩལ་པ་༢༠ ནི་ཨ་ཁུ་ཀྲག ཚེར་མ། ཚེ་འདས་ཁྱུང་པོ་ཚེ་རིང༌། ཚེ་འདས་འཇིགས་མེད་ཆོས་གྲགས། འཇིགས་མེད་རྣམ་གྲོལ། ཀརྨ་སྲིད་ཆོས། སྐལ་བཟང་ལམ་གྲགས། བློ་བཟང་ཚེ་དབང༌། བློ་བཟང་རྒྱ་མཚོ། མོ་ཡི་ར། མོང་བཟའ་པད་དཀར། མངོན་ཤེས་ཆོས་སྒྲོན། ཤེས་རབ། བཀྲ་ཤིས་ཉི་མ། བསྟན་འཛིན་སྒྲོལ་དཀར། བསྟན་འཛིན་འགྱུར་མེད་རྡོར་རྗེས། བསྟན་འཛིན་སྨིན་ལེགས། བསྟན་འཛིན་ཚེ་རིང༌། ཚེ་རིང་ཆོས་ལྡན། ཚུལ་ཁྲིམས་བསྟན་འཛིན་བཅས་ཡིན་འདུག
ཁ་དོག་གསར་འཛུགས་བྱེད་མཁན་བཀྲ་ཤིས་ཉི་མ་ལགས་ཀྱིས་རི་མོ་འགྲེམས་སྟོན་དེའི་མིང་ལ་ངེས་མེད་ཅེས་པའི་བཏགས་དགོས་པའི་རྒྱུ་མཚན་སྐོར་འགྲེལ་བརྗོད་གནང་དོན། ངེས་མེད་ཅེས་པའི་འགྲེམས་སྟོན་འདིས། གཞི་འཐོར་གྱི་ཁྲོད་ནས་དོན་སྙིང་དང་། ངོ་བོ། ཁྱིམ་བཅས་འཚོལ་སྙེག་བྱེད་པའི་འགྲོ་བ་མིའི་ཐུན་མོང་གི་འགྲུལ་བཞུད་དེ་འཚོལ་ཞིབ་བྱེད་ཀྱི་ཡོད། བར་གནས་ཀྱི་སྟོང་ཁམས་འདིའི་ནང་དུ། ང་ཚོ་སྒྱུ་རྩལ་བ་རྣམས་ཀྱིས་རང་གི་སྒྱུ་རྩལ་བརྒྱུད་ང་ཚོའི་སྣ་མང་རང་བཞིན་ལྡན་པའི་འབོད་སྒྲ་རྣམས་འབྲེལ་མཐུད་བྱེད་ཅིང་། སྒྱུ་རྩལ་གྱི་བརྩམས་ཆོས་རེ་རེས་སྒེར་གྱི་གཏམ་རྒྱུད་རེ་རེ་མཚོན་གྱི་ཡོད་ཀྱང་། ཁྱོན་ཡོངས་ནས་ཐུན་མོང་གི་གཏམ་རྒྱུད་ཅིག་མཚོན་པར་བྱས་ཏེ་དྲན་པ་དང་རེ་བ་གཉིས་དོ་མཉམ་པར་བྱས་ཡོད། ང་ཚོའི་བརྩམས་ཆོས་རྣམས་ཀྱིས་བོར་བརླག་དང༌། འཚོ་གནས། ངོ་བོ། འགྱུར་བ་བཅས་ཀྱི་སྐོར་བརྗོད་ཀྱི་ཡོད་ལ། དེ་དག་གིས་བོད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་འདས་ཟིན་དང་མ་འོངས་གཉིས་ཀྱི་བར་མཚམས་སུ་འཚོ་དགོས་པ་དྲན་སྐུལ་བྱེད་ཀྱི་ཡོད། ཅེས་བརྗོད་བརྗོད་སོང་།
སྐུ་མགྲོན་གཙོ་བོ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འགྲེམས་སྟོན་འདིའི་འགོ་བརྗོད་ལ་ངེས་མེད་ཅེས་པ་དེ་ནི་རྒྱལ་ཁབ་མེད་པའི་མིང་ཚིག་དང་གཅིག་པ་རེད། ང་ཚོར་རང་དབང་མེད་ལ། ང་ཚོ་སྐྱབས་བཅོལ་བ་ཡིན་པ་མཚོན་གྱི་ཡོད། རི་མོ་འདི་དག་བརྒྱུད་ནས་མི་རབས་གསར་པའི་ནུས་པ་སྟོན་གྱི་ཡོད་ཅེས་གསུངས་སོང་།
སྒྱུ་རྩལ་པ་ཀརྨ་སྲིད་ཆོས་ཡིས་སྒྱུ་རྩལ་འགྲེམས་སྟོན་སྐོར་ལ་ཁོང་གི་ཚོར་སྣང་བརྗོད་དོན། དེ་རིང་ང་ཧ་ཅང་དགའ་པོ་བྱུང་། རྒྱུ་མཚན་ནི་ངའི་རྨི་ལམ་མངོན་འགྱུར་བྱུང་བ་རེད། ང་ཚོའི་མི་རབས་སྐབས་སུ་སྒྱུལ་རྩལ་ནི་མཐོད་ཆུང་བྱ་ཡུལ་ཞིག་ཆགས་ཡོད། མི་མང་རྣམས་དེའི་ཐོག་གོ་རྟོགས་མེད། དེང་སང་གི་མི་རབས་སྒྱུལ་རྩལ་ཐོག་གོ་རྟོགས་འདུག་ལ་རི་མོ་ཡག་པོ་འབྲི་བཞིན་འདུག ང་ཚོ་བོད་པ་ཚོས་སྒྱུ་རྩལ་གྱི་སྟོབས་ཤུགས་བེད་སྤྱོད་གཏོང་ཐུབ་ཀྱི་མེད། སྒྱུ་རྩལ་དེ་ཁྱེད་ཀྱི་དངོས་པོ་ལེན་པའི་ལག་ཆ་ཡག་ཤོས་ཤིག་ཆགས་ཐུབ་པའི་ཐབས་ལམ་མང་པོ་ཡོད། ཅེས་འགྲེལ་བརྗོད་གནང་སོང་།