04
ཕུར།, བཅིུས།

ཕྱི་ལོ་༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན། སྐུ་མགྲོན་རྣམ་པས་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༨༥ ཕེབས་པའི་འཁྲུངས་སྐར་གྱི་བག་ཟན་མངར་མོ་གཏུབས་ནས་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན། བཞུགས་སྒར་རྡ་རམ་སའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་གོ་སྒྲིག་འོག བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་སོང་། སྐབས་དེར། སྐུ་མགྲོན་རྣམ་པས་བོད་ཨིན་གཉིས་ཀྱི་སྐད་ཡིག་ཐོག་བྲིས་པའི་པར་རིས་ལྡན་པའི་མཛད་རྣམ་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ལུགས་ཟུང་གསེར་གྱི་འཁོར་ལོ་ཞེས་པ་དང་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་དང་མཛད་རྣམ་སྙིང་བསྡུས་ཞེས་པ་བརྙན་དཔར་དབུ་འབྱེད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག དམིགས་བསལ་སྐུ་མགྲོན་བོད་ཀྱི་སཱ་ར་མཐོ་སློབ་ཀྱི་དགེ་རྒན་ཆེན་པོ་བསོད་ནམས་རྒྱལ་མཚན་མཆོག་བཅས་ནས་འཁྲུངས་སྐར་གྱི་བག་ཟན་མངར་མོ་གཏུབ་གནང་ནས་འཁྲུངས་སྐར་སྲུང་བརྩིའི་མགོ་བརྩམས་སོང་། གཞན་ཡང་སྐུ་མགྲོན་དང་རྡ་ས་ཁུལ་གྱི་བོད་མི་བཅས་ཁྱོན་མི་གྲངས་བརྒྱ་ལྷག་དངོས་སུ་ཡུལ་དངོས་ལ་ཕེབས་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་ཞུགས་འདུག

ཐོག་མར། འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་རྒྱུད་སྟོད་དཔེ་མཛོད་འགན་འཛིན་རྒན་བློ་བཟང་ཀླུ་སྒྲུབ་ལགས་ནས་མཛད་སྒོ་དངོས་སུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་དང༌། དམིགས་བསལ་སྐུ་མགྲོན། ཆེ་བསྟོད་སྐུ་མགྲོན་བཅས་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་ཆེའི་སྐུ་པར་ལ་མཇལ་དར་ཕུལ་སོང་། དེའི་རྗེས་ཚོགས་བཅར་ཡོངས་ཡར་བཞེངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་སོང་། དེ་ནས་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་བཞི་སྡེ་ནས་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་ཚེ་བརྟན་པའི་ཞབས་བརྟན་གསོལ་འདེབས་གནང་སོང་།

དེའི་རྗེས། འཁྲུངས་སྐར་ཆེད་དུ་གསར་རྩོམ་ཞུས་པའི་རིན་ཆེན་རྣམ་གསུམ་ལས་བརྩམ་པའི་བསྟོད་གླུ་ཞེས་པ་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་གཟིགས་འབུལ་གནང་སོང་། དེ་ནས་སྐུ་མགྲོན་རྣམས་ནས་འཁྲུངས་སྐར་གྱི་བག་ཟན་ མངར་མོ་གཏུབས་གནང་སོང་། སྐུ་མགྲོན་གཙོ་བོ་དང་སྐུ་མགྲོན་གཞན་རྣམས་ནས་བོད་ཨིན་གཉིས་ཀྱི་སྐད་ཡིག་ཐོག་བྲིས་པའི་པར་རིས་ལྡན་པའི་མཛད་རྣམ་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ལུགས་ཟུང་གསེར་གྱི་འཁོར་ལོ་ཞེས་པ་དང་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་དང་མཛད་རྣམ་སྙིང་བསྡུས་ཞེས་པ་བརྙན་དཔར་དབུ་འབྱེད་གནང་སོང་།

དེ་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་གྱི་བཀའ་དགོངས་སྒྲུབ་ཐབས་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཕུལ་དུ་བྱུང་བའི་རྣམ་དཔྱོད་དང་སྙིང་སྟོབས་ཞེས་པའི་བརྗོད་གཞི་སྐོར་གསུང་བཤད་གནང་རྗེས། ཚོགས་པའི་འགན་འཛིན་ཟུར་པ་ངག་དབང་རབ་རྒྱས་ནས་མཛད་སྒོ་ངོ་སྤྲོད་ཀྱི་གཏམ་བཤད་གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་ཆེ་བསྟོད་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་སཱ་རཱ་མཐོ་སློབ་ཀྱི་སློབ་དཔོན་འབུམ་རམས་པ་བསོད་ནམས་རྒྱལ་མཚན་མཆོག་བཅས་ནས་འཁྲུངས་སྐར་གྱི་འཚམས་འདྲི་གསུང་བཤད་མདོར་བསྡུས་གནང་སོང་། སྐབས་དེར། སྐུ་མགྲོན་རྣམས་པས་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་མཛད་རྗེས་དྲན་གསོ་དང་རྗེས་སུ་ཡི་རངས་ཞུས་སོང་། དེ་བཞིན་ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་བོད་མི་ཚང་མས་དངོས་ཤུགས་བརྒྱུད་ནས་བོད་ཀྱི་འཐབ་རྩོད་ཐོག་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་བཏང་སོང་།

མཐའ་བར། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་དབང་འདུས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་ནས་སྔ་དྲོའི་མཛད་སྒོ་གྲོལ་སོང་། ཉིན་རྒྱབ་མུ་མཐུད་ནས་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༨༥ ཕེབས་པའི་འཁྲུངས་སྐར་ལ་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན་ཆེད་དུ་གནད་ཡོད་དང་མཁས་པའི་མི་སྣ་གདན་འདྲེན་ཞུས་ནས་གསུང་བཤད་གནང་འདུག

ཐོག་མར། གཏམ་བཤད་པ་རྣམ་པས་རྒྱུད་སྟོད་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་རྩོམ་གླེགས་བམ་བཅུ་གཅིག་པ་དབུ་འབྱེད་གནང་རྗེས། རྒྱུད་སྟོད་དཔེ་ཁྲིད་རྒན་རྡོ་རྗེ་འཛིན་པ་ཆེན་པོ་ དགེ་བཤེས་མཁས་གྲུབ་ནོར་བཟང༌ལགས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ནང་ཆོས་འཆད་ཁྲིད་གནང་ཐབས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང༌། རིན་ཐང༌། ཕན་རླབས་སྐོར་གསུང་བཤད་གནང་འདུག

དེ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་རེ་མདོ་སེང་གེ་ལགས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཛད་འཕྲིན་བརྒྱུད་དེང་རབས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རྩོམ་རིག་འགྱུར་འགྲོས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་མེད་སྐོར་གསུང་བཤད་གནང་བ་དང་། བཀའ་ཟུར་དང་སྤྱི་ཟུར་བློ་བཟང་སྙན་གྲགས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་བཀའ་ཁྲི་གནང་སྐབས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ དང་བོད་མིའི་སྒྲིག་འཛུགས་ལེགས་བཅོས་སྐོར་གསུང་བཤད་གནང་འདུག

དེའི་རྗེས། དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གི་མཁན་ཟུར་དང་ཤེས་རབ་བཟང་པོ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཀུན་ཕན་ལགས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཁྱེན་ཡོན་དང་མཛད་འཕྲིན་གྱིས་རྒྱ་གར་དང་ལྷག་པར་དུ་ཧི་མ་ལ་ཡའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་མེད་སྐོར་གསུང་བཤད་གནང་བ་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་པའི་ཤེས་ཡོན་ལ་ཕུལ་བའི་མཛད་རྗེས་སྐོར་གསུང་བཤད་གནང་འདུག

མཐའ་མར། ཝཱ་ཎར་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་མཁས་དབང་རག་རྡོ་རིན་པོ་ཆེ་མཆོག་གིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་ལྟ་གྲུབ་དང༌། མཁྱེན་རྒྱ། དགོངས་གཞིའི་སྐོར་གསུང་བཤད་གནང་འདུག