03
ལྷག, བཅིུས།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་ ༩ ཚེས་༣༠ ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོས་པའི་བོད་མི་རྣམས་དང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་མཛད་སོང་། སྐབས་དེར། ༸གོང་ས་མཆོག་གིས་རྒྱ་ཧོར་བོད་གསུམ་ས་ཁུལ་གང་དུ་ཡོད་ཀྱང་མིའི་རིགས་གཅིག་གྱུར་དང་། ཆོས་ཀྱི་དད་པ་དང་དོ་སྣང་གཅིག་གྱུར་ཡིན།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་སོང་། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འཐུས་མིས་སྤོས་སྣེས་མདུན་བསུ་ནས་༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་བཞུགས་ཁྲི་སྟེང་བཞུགས་གནང་མཛད་སོང་། རྒྱ་རིགས་དད་ལྡན་པ་༡༣༠༠ གཙོས་རྒྱལ་ཁབ་༦༤ ནས་ཆོས་ཞུ་བ་ཁྱོན་བསྡོམས་༧༥༠༠ ཐེག་ཆེན་གཙུག་ལག་ཁང་དུ་ཆོས་འབྲེལ་ཕེབས་འདུག ཐེངས་འདིའི་གསུང་ཆོས་ནི་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་གོ་སྒྲིག་ཞུས་པ་ཞིག་རེད་འདུག

༸གོང་ས་མཆོག་གིས་བཀའ་སྩོལ་དོན། ང་ཚོའི་གནས་སྟངས་བཙན་བྱོལ་བ་རེད། བཙན་བྱོལ་བ་ཆགས་པ་ཡིན་ཡང་། སངས་རྒྱས་པའི་ཆོས་ལ་ཡིན་གཅིག་མིན་གཅིག་ལུང་པ་ཞིག་ཡོད་དགོས་པ་མི་འདུག ད་ལྟ་སངས་རྒྱས་པའི་ཆོས་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་ཆགས་ཡོད། ངོས་རང་ལ་ཆ་བཞག་ན་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་འཇམ་མགོན་བླ་མའི་བསྟན་པ་ག་ཚོད་ཡོང་ཡོང་གིས་ཉམས་ལེན་བྱེད་པ་དང་། མི་ལའང་ངོ་སྤྲོད་དང་གསལ་བཤད་བྱེད་བཞིན་ཡོད། ངོས་རང་བོད་ནས་ཐོན་པའི་རྗེས་ལ་རྡ་རམ་ས་ལར་གཞི་ཆགས་ནས་བསྡད་པ་རེད། ངོས་ཀྱིས་ཉམས་ལེན་གཙོ་བོ་ནི་རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་ལ་ཡང་ཡང་ལྟ་བཞིན་ཡོད། བསམ་བློའི་ནང་དུའང་ཆོས་རྗེ་བློ་བཟང་གྲགས་པ་ཟེར་དུས་གཞན་དང་མི་འདྲ་བའི་ཚོར་བ་ཞིག་ཡོང་གི་འདུག དེ་རིང་ང་ཚོ་བཙན་བྱོལ་གྱི་ས་གནས་འདིར་རྗེ་རིན་པོ་ཆེའི་གསུང་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་མདོར་བསྡུས་ཤིག་ཞུ་རྒྱུའི་རྩིས་དེ་ལྟར་རེད།

ང་ཚོ་བཙན་བྱོལ་བ་ཆགས་པའི་ལོ་འདིའི་རིང་། བོད་ཀྱི་བླ་སྲོག་ལྟ་བུ་ནི་སངས་རྒྱས་པའི་ཆོས་འདི་རེད། ང་ཚོས་དངོས་གནས་སངས་རྒྱས་པའི་ཆོས་འདི་ཉལ་ལངས་སྒོ་གསུམ་ལ་དམ་དུ་བཟུང་ནས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དང་ཆོས་དད་དམ་དུ་བཟུང་ནས་བསྡད་པ་རེད། དེང་སང་འཛམ་གླིང་དུ་ནང་པའི་ཆོས་ལ་དོ་སྣང་ཡོང་བཞིན་པའི་སྐབས་སུ། བོད་གངས་ཅན་ལྗོངས་ནས་ནང་ཆོས་བཟུང་བསྡད་པ་དང་། ལྷག་པར་དུ་རི་བོ་དགེ་ལུགས་པས་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པ་འཛིན་པའི་ལུགས་སྲོལ་འདི་ལ། འཛམ་གླིང་གི་ཆོས་དད་ཡོད་མཁན་མང་པོ་ཞིག་གིས་དོ་སྣང་བྱེད་བཞིན་འདུག ངོས་རང་ཆུང་ཆུང་སྐབས་ནས་རྗེ་རིན་པོ་ཆེའི་གསུང་ལ་སློབ་སྦྱོང་དང་། ཉམས་ལེན་བྱས་ཤིང་། ད་ལྟའི་བར་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་གི་ལས་སྨོན་འབྲེལ་ཡོད་པ་ཧ་ཅང་གསལ་བོ་རེད།

ང་ཚོའི་བཤད་སྲོལ་ལ་བསྟན་པ་བྱང་ནས་བྱང་དུ་དར་ཞེས་པ་ལྟར་རེད། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རྒྱ་གར་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། བདེན་བཞིའི་ཆོས་འཁོར་གསུངས། དེ་ནས་བོད་སོག་གཉིས་སུ་སངས་རྒྱས་པའི་ཆོས་འདི་དར་ཁྱབ་རིམ་པར་ཤུགས་ཆེན་པོ་བྱུང་བ་རེད། མདོ་སྟོད་སྨད་སོགས་སུ་སངས་རྒྱས་པའི་ཆོས་ད་ལྟའི་བར་དུ་གནས་པ་རེད། གུང་ཁྲན་ཏང་གིས་དམ་དྲག་བཙན་དབང་པོ་མང་པོ་བྱུང་ཡང་། བོད་པའི་ཆོས་དད་ལ་འགྱུར་བ་མེད་པར་བསྡད་པ་རེད། ང་ཚོ་རྒྱ་གར་ལ་སླེབས་ནས་འདིར་ཡོད་པའི་བོད་པ་སྐྱ་སེར་ཚང་མས་ཆོས་དད་ཤུགས་ཆེན་པོ་བཟུང་ནས་བསྡད་ཡོད། ཧ་ཅང་ཡག་པོ་རེད། སྤྱིར་འཛམ་གླིང་འདིར་ཆོས་སྤྱི་དང་། ལྷག་པར་ནང་པའི་ཆོས་ལ་དོ་སྣང་ཡོང་བའི་སྐབས་སུ་བོད་པ་ཚོས་ནང་པའི་ཆོས་ལ་བདག་པོ་རྒྱག་སྟངས་འདི་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་དགའ་བོ་བྱེད་ཀྱི་འདུག ང་ཚོས་འདིར་རྣམ་པ་མཚོན་པ་ལྟ་བུ་རེད། བོད་ཀྱི་ཆོས་དད་ལོ་སྟོང་ཕྲག་རིང་ཚིག་ཙམ་མ་ཡིན་པར་ཐོག་མར་སློབ་གཉེར་བརྒྱབ། སློབ་གཉེར་གྱི་དོན་རྣམས་རྒྱུད་ཐོག་ལ་སྦྱར་ནས་བསླབ་པ་གསུམ་གྱི་ཉམས་མྱོང་སྐྱེས་ནས་ཡོང་ཡོད་པ་དེ་ལ་གཞི་ནས་བསླབ་པ་གསུམ་གྱི་ཡོན་ཏན་གྱི་ཐོག་ནས་ཤེས་རབ་མིག་གིས་བལྟ་རྒྱུ་ཞིག་རེད།

གང་ལྟར་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ཁ་ཙམ་ཚིག་ཙམ་ཞིག་རྩ་བ་ནས་མ་རེད། ཧ་ཅང་གཏིང་ཟབ་པོ་ཞིག་ལ་བསམ་བློ་གཏོང་རྒྱུ་ཡོད། གང་ལྟར་བོད་ཀྱི་ནང་ཆོས་ལ་ཚན་རིག་པས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ཆོས་ཞེས་ཟེར་དུས་སྨོན་ལམ་བརྒྱབ་སྡོད་པ་དང་། ཚོགས་ལ་འཚོགས་སྡོད་པ་ཙམ་མིན་པར་བསམ་བློའི་འགྲོ་སྟངས་ཐོག་ལ་ཧ་ཅང་གསལ་བོ་དང་། ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོང་དུས་ཧ་ཅང་ཡག་པོ་རེད། འཛམ་གླིང་གང་ས་གང་དུ་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པ་ལྟ་བུ་འདུག གང་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསམ་བློ་གཏོང་རྒྱུ་ཡོད་པ་ཆགས་ཡོད་པས་འཛམ་གླིང་འདིིར་ཤེས་ཡོན་ཅན་དང་། བསམ་བློ་གཏིང་རིང་པོ་གཏོང་མཁན་ཚོས་དམིགས་བསལ་གྱིས་དགའ་བོ་བྱེད་ཀྱི་འདུག

ང་ཚོར་གལ་ཆེ་ཤོས་གང་རེད་ཟེར་ན། འདོན་པ་འདོན་རྒྱུ་རྐྱང་རྐྱང་མ་ཡིན་པར་དཔེ་ཆར་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དོན་དག་ལ་བསམ་བློ་གཏོང་དགོས། དེ་རིང་སྐབས་སུ་བབ་པ་ལམ་གཙོའི་སྐོར་ལ་བཤད་ལུང་མདོར་བསྡུས་ཤིག་རེད། ལམ་གྱི་གཙོ་བོ་རྣམ་པ་གསུམ་ནི། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་བཅས་གསུམ་རེད། ངེས་འབྱུང་གི་བསམ་པ་མེད་ན་ཆོས་དོན་གཉེར་ཡོང་ཐབས་མེད། ངེས་འབྱུང་གི་བསམ་བློ་ཡོད་ནའང་ཡིད་འབྱུང་བ་ཙམ་མ་གཏོགས་ཐར་བ་དང་ཐམས་ཅད་མཁྱེན་པ་བློ་ལ་ཤར་རྒྱུ་མེད་པས་སྟོང་ཉིད་ཀྱི་ལྟ་བ་དགོས་ཀྱི་ཡོད། དེ་དག་སྦྲེལ་ཡོང་བའི་སྐབས་སུ་སེམས་ལ་སངས་རྒྱས་པའི་ཆོས་ནི་བཅོམ་ལྡན་འདས་རང་གིས་ཉམས་བཞེས་གནང་སྟེ། མངོན་དུ་མཛད་པའི་རྟོགས་པ་དེ་ནང་བཞིན་ཞིག་བློ་ལ་ཤར་ཐུབ་པ་ཞིག་རེད། བཅོམ་ལྡན་འདས་རང་གིས་ཀྱང་བསླབ་པ་གསུམ་གྱི་ཉམས་ལེན་གནང་སྟེ་མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་པ་རེད། བཅོམ་ལྡན་འདས་ཀྱི་རྗེས་འབྲང་བོད་གངས་ཅན་ལྗོངས་ཀྱི་མཁན་སློབ་ཆོས་གསུམ་གཙོ་བོར་གྱུར་པའི་བོད་ཀྱིས་རྒྱ་གར་མཁས་པའི་གཞུང་གདན་དྲངས་ནས་ཚིག་ལ་བསམ་བློ་བཏང་ཞིང་། དོན་དག་སྒོམ་པ་རེད། ཧ་ཅང་ཡག་པོ་རེད།

ང་ཚོ་སོ་སོའི་ལུང་པར་བྲལ། འཛམ་གླིང་འདི་ཡང་འཁྲུགས་པ་མང་པོ་རྒྱབ་སྡོད་མཁན་ཞིག་ཆགས། འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུ་བལྟས་པ་ཡིན་ནའང་གོ་མཚོན་ལ་དང་དོད་བྱེད་ཀྱི་འདུག ང་ཚོས་དེ་ལྟར་མ་ཡིན་པར་འཛམ་གླིང་འདིར་བྱམས་བརྩེས་འཚོ་སྡོད་པ་ཞིག་བྱུང་རོགས་བྱས་ན། དེ་མི་འགྲུབ་པ་ཞིག་མ་རེད། ད་ལྟ་ཕན་ཆད་ཀྱི་ཉམས་མྱོང་ཐོག་ནས་གོ་མཚོན་ལ་བརྟེན་ནས་རྩོད་པ་བྱས་པ་དེ་ལ་གྲུབ་འབྲས་ཅི་ཞིག་འདུག གང་ཡང་ཡོད་མ་རེད། མི་མང་པོ་ཤི་རྨས་སུ་འགྲོ་བའི་སྡུག་བསྔལ་མ་གཏོགས་གང་ཡང་ཡོད་པ་མ་རེད། ད་ང་ཚོས་ཆགས་སྡང་གི་བློ་དེ་ཕར་བཞག་ནས་ཀུན་ལ་ཕན་སེམས་ཀྱི་བློ་ཡག་པོ་ཞིག་སྐྱེས་པ་ཡིན་ན། ཀུན་ལ་ཕན་འདོགས་ཐུབ་པ་ཆགས་ཀྱི་ཡོད་པས་ཚང་མས་སེམས་བསྐྱེད་བཟང་པོ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། དེ་རིང་འདིར་འདུས་པའི་ཆོས་གྲོགས་ཚོས་བྱང་ཆུབ་ཀྱི་སེམས་ལ་སྨོན་ལམ་ཚུན་ཆད་བརྒྱབ་ནས་སེམས་བཟང་པོ་ཡོང་བ་ལ་སེམས་ཤུགས་བསྐྱེད་ཅིག་ཅེས་བཀའ་སློབ་སྩལ་སོང་།

ཟླ་༡༠ ཚེས་༡ ཉིན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་གོ་སྒྲིག་འོག ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ༸གོང་ས་མཆོག་གིས་བཀའ་སྩོལ་དོན། དེ་རིང་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་བརྟན་བཞུགས་ཕུལ་མཁན་གཙོ་བོ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་རེད། ངོས་ནས་དུས་གཏན་དུ་རྒྱ་བོད་ཧོར་གསུམ་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་སྨོན་ལམ་རྒྱག་བཞིན་ཡོད། དེ་རིང་ཁ་སང་རྒྱ་ནག་ས་ཁུལ་དུ་རྒྱ་རིགས་མི་མང་ཁྲོད་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འགྲོ་བཞིན་འདུག མ་འོངས་པར་ངོས་ནས་རྒྱ་ཧོར་བོད་གསུམ་ལ་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དང་། དེ་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡག་པོ་ཞིག་ཡོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡིན་ལ། སྨོན་ལམ་ཡང་རྒྱག་གི་ཡིན།

ང་ཚོའི་བོད་དུ་དེ་སྔ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་ཡོད་ཀྱང་། སྐབས་རེར་ཆོ་ག་ཕྱག་ལེན་ལྟ་བུ་ཙམ་མ་གཏོགས་དོན་དག་ངོ་མའི་ཐོག་ལ་བསམ་བློ་བཏང་ནས་འགྲེལ་བཤད་རྒྱག་པ་དང་། སྒོམ་པ་ཏོག་ཙམ་ཉུང་ཉུང་ལྟ་བུ་རེད། དེ་ང་ཚོ་རྗེས་ལུས་ཀྱི་རྣམ་པ་རེད། མ་འོངས་པར་དང་པོ་སངས་རྒྱས་པའི་ཆོས་ཀྱི་རྒྱུ་མཚན་ཡག་པོ་ཞིག་ཤེས་པར་བྱོས། རྒྱུ་མཚན་དེ་དང་ལྡན་པའི་ཐོག་ནས་ཆོས་ཀྱི་ཉམས་ལེན་བྱས་པ་ཡིན་ན་སྤུས་དག་པོ་ཡོང་གི་རེད། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་དཔེ་ཆ་བསླབས་པ་རེད། སྐབས་དེ་དུས་ཚོར་བ་ཆེན་པོ་མེད། རིམ་བཞིན་ཉམས་མྱོང་སླེབས་ཡོང་སྐབས་དངོས་གནས་སངས་རྒྱས་པའི་ཆོས་ཟེར་བ་ནི། བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་སེམས་རྒྱུད་འདུལ་ཐབས་བྱས་པར་འཕྲལ་དུ་སེམས་ཀྱི་ཞི་བདེ་ཡོང་བ། ལུས་ཀྱི་བདེ་ཐང་ཡོང་བ་སོགས་ཀྱི་དགེ་བ་རྒྱུ་མཚན་མཐོང་བའི་ཐོག་ནས་ཆོས་ཀྱི་བསླབ་བྱ་ཇི་སྐད་གསུངས་པ་ལྟར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས། གྲོགས་པོ་ངོ་ཤེས་ཚོར་དེ་དག་འགྲེལ་བཤད་རྒྱག་དུས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་གི་ཡོད་པ་ལྟ་བུ་འདུག

དེ་རིང་འདིར་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ནས་རྨི་ལམ་ལ་བལྟས་པ་ཡིན་ན་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་འདུག ང་ཚོ་ཡོད་ས་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་། འདི་གནས་ཚུལ་ཁ་ཁ་རེད། རྒྱ་ཧོར་བོད་གསུམ་ས་ཁུལ་གང་དུ་ཡོད་ཀྱང་མིའི་རིགས་གཅིག་གྱུར་དང་། ཆོས་ཀྱི་དད་པ་དང་དོ་སྣང་གཅིག་གྱུར་ཡིན། དེ་སྔ་དང་མི་འདྲ་བར་དེང་སང་འཛམ་གླིང་ཁྱོན་ཡོངས་ལ་ནང་པའི་ཆོས་ལ་དོ་སྣང་དང་། སེམས་ཁམས་རིག་པའི་འགྲོ་སྟངས་ལ་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་ཀྱི་ཡོད། ངོས་རང་ལ་མཚོན་ན་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་དུས་ཚན་རིག་པ་ཆགས་ཀྱི་ཡོད། ཆོས་ཀྱི་སྐད་ཆ་བཤད་དུས་ཆོས་པ་ཡིན། དེར་བརྟེན། ངོས་ཀྱིས་འཛམ་གླིང་འདིར་མུ་མཐུད་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་ལ་སྨོན་ལམ་རྒྱག་གི་ཡིན་ལ། སེམས་ཤུགས་ཡོད། ངོས་རང་གིས་ཧུར་ཐག་བྱེད་ཀྱི་ཡིན། ཁྱོད་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱག་རོགས། བློ་བདེ་པོར་བཞུགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་སོང་།

ཡོངས་ཁུངས། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།