ཕྱི་ལོ་༢༠༢༤ ཟླ་༨ ཚེས་༡༠ ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱ་དམར་གཞུང་ཚབ་མདུན་དུ་རྒྱ་དམར་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་བོད་ལ་རང་དབང་དགོས། བོད་ནི་བོད་མིར་དབང་བ་ཡིན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་གཏོང་དགོས། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་དང་བོད་ནང་མི་རིགས་རྩ་མེད་བཟོ་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
དེ་ཡང་། གོང་ཚེས་ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱ་དམར་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་གོ་སྒྲིག་གནང་འདུག དེ་གར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐག་གཅོད་གནང་བར་ལྟར་ན། ཟླ་རེའི་ཚེས་༡༠ ཉིན་རྟག་པར་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱ་དམར་གཞུང་ཚབ་མདུན་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞིང་། ཞི་རྒོལ་གྱི་ལས་འགུལ་ནི་ཆར་ཆུ་རླུང་འཚུབ་ཀྱི་གནས་སྟངས་གང་བྱུང་དང་། ལས་འགུལ་ནང་ཞུགས་མཁན་མང་ཉུང་ལ་མ་ལྟོས་པ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག
ཐེངས་འདི་ནི་རྒྱ་དམར་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག ས་གནས་གཞོན་ནུ་རྒྱུན་ལས་བརྒྱད་དང་གཞོན་ལྷན་གྱི་ཚོགས་ཟུར་དང་། རྒྱུན་ཟུར། དེ་བཞིན་མི་མང་ཁག་ཅིག་ནས་མཉམ་བཞུགས་གནང་ཡོད་འདུག ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ཁོ་ཚོས་སྐད་ཤུགས་ཆེན་པོ་ཐོག་ནས་བོད་ལ་རང་དབང་དགོས། བོད་ནི་བོད་མིར་དབང་། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་གཏོང་དགོས། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་དང་བོད་ནང་མི་རིགས་རྩ་མེད་བཟོ་བཞིན་པར་ངོ་རྒོལ་ཡོད། ཅེས་སྐད་འབོད་གནང་འདུག
དེ་ཡང་། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་སྐབས་ ༡༨ པའི་རྒྱུན་ལས་རྣམས་ནསཟླ་རེའི་སྤྱི་ཚེས་༡༠་ཉིན་འཆར་ཅན་ལས་འགུལ་ཆད་མེད་སྤེལ་རྒྱུའི་གལ་ཆེའི་གསལ་བསྒྲགས་ནང་དུ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་མཐའ་སླད་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་། དམིགས་ཡུལ་དགོངས་དོན་ཆོལ་ཁ་ཆོས་ལུགས་དང་། ལུང་ཚན་སོགས་ཀྱི་འཐེན་འཁྱེར་མེད་པའི་ཐོག་ནས་མང་ཚོགས་ནང་མཛའ་མཐུན་དམ་གཙང་གཅིག་གྱུར་ཡོང་ཐབས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་འཛམ་གླིང་ཡོངས་ལ་བདེ་སྐྱིད་དང་ཕན་ཐོགས་བསྐྲུན་ནུས་པ་ངོམས་སུ་ཆོག་པའི་རིག་གཞུང་བཟང་པོ་མི་ཉམས་རྒྱུན་འཛིན། ལྷག་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་བོད་རང་དབང་རང་བཙན་སླར་གསོ་ཡོང་ཐབས། བསྟན་དགྲ་རྒྱ་དམར་གཞུང་ལ་རྒོལ་འཛིངས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་གང་མང་དང་རྒྱ་གང་ཆེ་སྤེལ་རྒྱུའི་མདུན་པ་དང་དམིགས་ཡུལ་འཁྱེར་ཡོད་པ་ལྟར། རྒྱུན་ལས་ནང་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་གོ་བསྡུར་ཞུས་འབྲས། སྤྱི་མོས་ཐོག་ཐག་གཅོད་བྱུང་བ། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༨ པ་ནས་ཟླ་བ་འཆར་ཅན་གྱི་སྤྱི་ཚེས་ ༡༠ ཉིན་ཕྱི་ལོ་ ༡༩༥༩ གསུམ་བཅུའི་སྒེར་ལངས་དྲན་གསོའི་ཐོག་བོད་དོན་བདེན་མཐའ་སེལ་ཐབས་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་འཆར་ཅན་ཆད་མེད་གནང་གཏན་འཁེལ་བྱུང་ཡོད། ཅེས་བཀོད་འདུག