03
ལྷག, བཅིུས།

ཕྱི་ལོ་༢༠༢༤ ཟླ་༨ ཚེས་༦ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༤ པ་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་དབུ་་འཛུགས་གནང་སྐབས། པར། གཞོན་ལྷན།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་༨ ཚེ་༡༠ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༤ པ་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་མཇུག་སྡུད་གནང་ཡོད་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག དེའི་ནང་དུ་དེང་སྐབས་བོད་ནང་རྒྱ་གཞུང་གིས་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སོགས་སློབ་གྲྭ་དང་། དགོན་སྡེ་ཁག་མང་པོ་ཞིག་བཙན་གྱིས་སྒོ་རྒྱབ་ཏུ་བཅུགས་པའི་བྱ་སྤྱོད་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཞེས་སོགས་བཀོད་འདུག

དེ་ཡང་། ཕྱི་ལོ་༢༠༢༤ ཟླ་༨ ཚེ་༦ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༤ པ་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་དབུ་འཛུགས་གནང་འདུག ཐེངས་འདིར་རྒྱ་གར་དང་བལ་ཡུལ་ནས་ཕེབས་པའི་ཚོགས་བཅར་བ་༡༦༢་ཡོད་པ་དང་། ཚོགས་འདུ་འདིར་བོད་དོན་ཐད་ལས་འགུལ་ཇི་ལྟར་སྤེལ་རྒྱུ་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྤྱི་ཚོགས་ལ་ཞབས་ཞུ་ཇི་ལྟར་ཞུ་རྒྱུ། ༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་སྐོར་ལ་ཞུ་གཏུགས་དང་ལས་འགུལ་གང་སྤེལ་དགོས་མིན་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད་འདུག

ཟླ་འདིའི་ཚེས་༡༠ ཉིན་མཇུག་བསྡོམས་མཛད་སྒོ་ཚོགས་པ་དང་སྦྲགས། རྒྱ་དམར་གཞུང་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནས་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག བསྒྲགས་གཏམ་དེའི་ནང་དུ། དེང་སྐབས་བོད་ནང་རྒྱ་གཞུང་གིས་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སོགས་སློབ་གྲྭ་དང་། དགོན་སྡེ་ཁག་མང་པོ་ཞིག་བཙན་གྱིས་སྒོ་རྒྱབ་ཏུ་བཅུགས་པའི་བྱ་སྤྱོད་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཞེས་དང་།

རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་། སྐད་ཡིག་རིག་གཞུང་དང་བཅས་པར་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྲིད་བྱུས་འདི་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཞིང་། འགྲོ་བ་མིའི་ཐོབ་ཐང་ལ་བརྙས་བཅོས་བྱས་པ་ཞིག་ཀྱང་ཡིན །བོད་ནང་གི་དགོན་པ་དང་སློབ་གྲྭ་ཁག་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་སའི་བསྟི་གནས་གཙོ་བོ་ཞིག་ཡིན་པས་དེ་དག་བཙན་གྱིས་སྒོ་རྒྱབ་པ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཤིག་ཡིན། ཞེས་དང་།

ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་འདིར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང་། དགོན་པ་དང་སློབ་གྲྭ་སོགས་ཤེས་ཡོན་གྱི་བསྟི་གནས་ཁང་ཁག་བཙན་གྱིས་སྒོ་རྒྱབ་རིགས་རྣམས་ཕྱིར་སྒོ་འབྱེད་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་ལ་རང་དབང་གིས་ཉམས་ལེན་བྱེད་ཆོག་པའི་ཐོབ་ཐང་དགོས་རྒྱུ་དང་། བོད་ནང་གི་བོད་མི་ཚོས་ཞི་བའི་ལམ་ནས་རང་དབང་དང་། དྲང་བདེན། འདྲ་མཉམ་བཅས་ཀྱི་ཐོབ་ཐང་ཆེད་འཐབ་རྩོད་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དགོས་རྒྱུ་དང་། ལྷག་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་མཉམ་རུབ་ཀྱིས་འབད་བརྩོན་གནང་དགོས་རྒྱུར་ཡང་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག