04
ཕུར།, བཅིུས།

ཕྱི་ལོ་༢༠༢༤ ཟླ་༧ ཚེས་ ༣ ཉིན། རྡ་རམ་ས་ཉེ་འདབ་ཏུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་འདུ་འགོ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་༧ ཚེས་ ༣ ཉིན། བཞུགས་སྒར་རྡ་རམ་སའི་ཉེ་འགྲམ་ཆགས་པའི་ཌི་པོ་ལིའི་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་འདུ་ཞིག་འགོ་འཛུགས་གནང་སོང་། ཚོགས་འདུ་འདི་ནི་ཉིན་གསུམ་གྱི་རིང་འཚོགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་༡༣ ཁག་ནས་ཕེབས་པའི་གཞོན་སྐྱེས་༩༠་ལྷག་མཉམ་བཞུགས་གནང་འདུག

དེ་ཡང་། ཉིན་གསུམ་གྱི་ཚོགས་འདུའི་བརྗོད་གཞི་ཁག་ནི། འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་། འཁྲུག་ཆ་དོད་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཇི་ལྟར་སྤེལ་ཚུལ། འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་ལས་འགུལ་སྤེལ་ཕྱོགས། ཆབ་སྲིད་ཞུ་གཏུགས་གནང་ཕྱོགས་སོགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་དཀའ་སྡུག་གི་ལམ་བུ་ཁྲོད་དངོས་བྱུང་གནས་ཚུལ་ཐོག་གཏམ་བཤད་གནང་རྒྱུ་བཅས་ཡིན་འདུག

ཐོག་མར། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་ཕེབས་བསུའི་གསུང་བཤད་གནང་ནས་ཚོགས་འདུ་དངོས་སུ་འགོ་འཛུགས་གནང་སོང་། དེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་འདི་ཕྱི་ལོ་༢༠༢༡ལོར་ཛུ་རིག་ཏུ་ཐོག་མར་བཙུགས་པ་རེད། སྐབས་དེ་དུས་དེ་ཙམ་གྱི་རྒྱབ་སྐྱོར་ཐོབ་མེད་ནའང་ཕྱིས་སུ་ལོ་གཉིས་དང་ཕྱེད་ཀའི་རྗེས་སུ་སྤྱི་ཚོགས་ནང་དེའི་སྐོར་དོ་སྣང་སླེབས་ཡོད་པ་མ་ཟད། ལྷག་པར་སྔ་ལོ་ཚོགས་ཆེན་དང་པོའི་སྐབས་དུས་རྒྱུན་བོད་དོན་ཆེད་སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་དང་། གཞོན་སྐྱེས་མང་པོ་ཞིག་གིས་མཉམ་ཞུགས་གནང་སྟེ་སོ་སོའི་ས་གནས་སུ་ལས་འགུལ་མང་པོ་སྤེལ་ཐུབ་པ་བྱུང་ཡོད། བོད་དོན་ཞུ་གཏུག་ལས་འགུལ་གྱི་སྡིངས་ཆ་དེ་དབུ་མའི་ལམ་དང་རང་བཙན་རྩོད་མཁན་ཙམ་མ་ཡིན་པར་བོད་མི་ཚང་མས་ལས་འགན་ཞིག་དང་། བོད་དོན་ཞུ་གཏུག་ལས་འགུལ་དེ་ནི་བོད་མི་མང་གི་ལས་འགུལ་ཞིག་ཡིན། ཞེས་དང་།

དེ་ནས་སྲིད་སྐྱོང་མཆོག་གིས་བོད་དོན་འཐབ་རྩོད་ཐད་གཞོན་སྐྱེས་རྣམས་ཀྱིས་འགན་གང་འདྲ་འཁྱེར་དགོས་པ་དང་། གྲ་སྒྲིག་གང་གནང་དགོས་སྐོར། དེ་བཞིན་ཚང་མས་མཉམ་རུབ་ཐོག་ནས་ཕྱག་ལས་གནང་དགོས་པའི་སྐོར་གསུངས། དེ་རྗེས་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོས་སོང་།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་འདི་ནི་་ཉིན་གྲངས་གསུམ་རིང་འཚོག་རྒྱུ་ཡིན་པ་དང་། ཉིན་གསུམ་གྱི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བཀའ་ཟུར་བསྟན་པ་ཚེ་རིང་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཁེ་ན་ཌ་པཱག་ཌེལ་ས་གནས་གྲོས་ཚོགས་འཐུས་མི་བུ་འཁྲིད་ལ་དཀར་པོ་ཆེ་ལགས། གྲོང་སྡེ་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཐབ་བྱུས་སློབ་སྟོན་པ་དང་ཉམས་ཞིབ་པ་རྒན་པ་བསྟན་འཛིན་རྡོ་རྗེ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ཕ་རན་ཛི་མེཊ་ནར་ལགས། ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྟོབས་འབྱོར་ཚུལ་ཁྲིམས་ལགས་དང་། རྒྱལ་སྤྱིའི་བོོད་དོན་འབྲེལ་མཐུད་ཁང་གི་ལས་འགུལ་འབྲེལ་མཐུད་པ་བསྟན་འཛིན་གཡང་འཛོོམས་ལགས་བཅས་ཀྱིས་གཏམ་བཤད་གནང་གི་ཡིན་འདུག