04
ཕུར།, བཅིུས།

ཕྱི་ལོ་༢༠༢༤ ཟླ་བ་ ༦ ཚེས་ ༢༨ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཧིན་དུ་དང་སི་ཁི། ཁ་ཆེ། ཡི་ཤུ་བཅས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་མཆོག་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་ཆེད་དུ་ཞབས་རིམ་གསོག་སྒྲུབ་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་བ་ ༦ ཚེས་ ༢༨ ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་སྨན་ཁང་ཞིག་གི་ནང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་གནང་གི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོ། གཞན་ཡང་ཧིན་དུ་དང་སི་ཁི། ཁ་ཆེ། ཡི་ཤུ་བཅས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་མཆོག་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་ཆེད་དུ་ཞབས་རིམ་གསོག་སྒྲུབ་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠་ནས་༤།༣༠་བར། ཧིན་བོད་མཛའ་འབྲེལ་ཚོགས་པ་གོ་སྒྲིག་འོག བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཧིན་དུ་དང་སི་ཁི། ཁ་ཆེ། ཡི་ཤུ་བཅས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་འཛམ་གླིང་ཞི་བདེ་དང་༸གོང་ས་རྒྱལ་བ་རིན་པོ་མཆོག་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་ཆེད་དུ་ཞབས་རིམ་གསོག་སྒྲུབ་གནང་སོང་།

སྐབས་དེར། ཆོས་ལུགས་དབུ་ཁྲིད་རྣམས་ཀྱིས༸གོང་ས་མཆོག་ནི་འཛམ་གླིང་ནང་ཞི་བདེ་གོང་འཕེལ་གཏོང་མཁན་དང་ཆོས་ལུགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་གནང་མཁན་གྱི་རླབས་ཆེན་གྱི་སྐྱེས་ཆེན་ཞིག་རེད། དེ་རིང་ཁོང་ཞབས་པུས་སྨན་བཅོས་གནང་གི་ཡོད་རྐྱེན་ང་ཚོས་ཚང་མས་ཁོང་སྨན་བཅོས་ལེགས་གྲུབ་ཡོང་བའི་ཞབས་རིམ་བསྒྲུབས་ནས་སྨོན་ལམ་འདེབས་བཞིན་ཡོད་ཅེས་བརྗོད་སོང་།

དེ་བཞིན། གོང་ཚེས་ཉིན་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་དང་། དགོན་སྡེ་གྲྭ་ཚང་། སྐུ་ཚབ་དོན་གཅོད་རྣམ་པ། སློབ་གྲྭ་ཁག་སོགས་གཞུང་དང་གཞུང་ཁོངས་མིན་པའི་སྒྲིག་འཛུགས་ཁག་ནས་སྨན་བླའི་གཟུངས་སྔགས་སོགས་གསོག་སྒྲུབ་གནང་བཞིན་པ་རེད།

ད་དུང་། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་འོག བཞུགས་སྒར་སེར་སྐྱ་ཕོ་མོ་བརྒྱ་ཕྲག་འགའ་ཡིས་དེ་རིང་ཞོགས་པ་ཆུ་ཚོད་༧།༣༠་ནས་སང་ཞོགས་ཆུ་ཚོད་༥་བར་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་འདུག

གཞན་ཡང་། འཛམ་གླིང་གང་སར་གནས་པའི་བོད་མི་གཙོས་པའི་མི་མང་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་མཆོག་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་ཆེད་དུ་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་རེད་འདུག