04
ཕུར།, བཅིུས།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་ ༦ ཚེས་ ༢༡ ཉིན་སྔ་དྲོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་མཛད་སོང་། དེ་ནས་ཕྱི་ཚེས་༢༢་ཉིན་སུད་སི་ཆིབས་བསྒྱུར་དང་ཕྱི་ཚེས་༢༣ ཉིན་ཨ་རིར་ཞབས་སོར་འཁོད་ཀྱི་ཡོད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༣༠་ཡས་མས་ཤིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་མཛད་སོང་། སྐབས་དེར། རྡ་ས་ཁུལ་གྱི་སེར་སྐྱ་བོད་མི་རྣམས་ལམ་འགྲམ་ལ་བསྟར་ཕྲེང་བསྒྲིགས་ནས་ལག་ཏུ་ཁ་བཏགས་བཟུང་། བདུག་སྤོས་སྒྲོན། བསང་གཏོང་བ། ཞབས་པུས་སྨན་བཅོས་བདེ་ལེགས་འབྱུང་བའི་སྨོན་ལམ་དང་བཅས་ཏེ་ཕེབས་སྐྱེལ་ཞུས་སོང་།

ཟླ་འདིའི་ཚེས་༢༢ ཉིན་ཡུ་རོབ་རྒྱལ་ཁབ་སུད་སིར་ཆིབས་བསྒྱུར་བསྐྱང་རྒྱུ་དང་། དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་ཞག་གཅིག་ལ་སྐུ་ངལ་གསོས་གནང་མཛད་རྒྱུ། དེ་ནས་ཟླ་འདིའི་ཕྱི་ཚེས་༢༣ ཉིན་ཨ་རིར་ཞབས་སོར་བདེ་བར་འཁོད་རྒྱུ་ཡིན་འདུག

སྤྱིར། ཐེངས་འདིའི་ཆིབས་བསྒྱུར་ནི་ཞབས་པུས་སྨན་བཅོས་ཆེད་དུ་ཡིན་ཕྱིར་མི་མང་ལ་མཇལ་ཁ་དང་མི་སྣ་ཐུག་འཕྲད་ཡོད་སྐོར་གྱི་མཛད་རིམ་ད་དུང་གསལ་ཁ་གང་ཡང་མིན་འདུག འོན་ཀྱང་། ༸གོང་ས་མཆོག་གི་མཛད་རིམ་ལྟར་ན། ༸གོང་ས་རྒྱལ་བ་རིན་པོ་ཆེ་་ཡིས་སྤྱི་ཟླ་༩་པ་དང་༡༠་པའི་ནང་དུ་བཞུགས་སྒར་རྡ་རམ་སར་མི་མང་ལ་གསུང་ཆོས་གནང་རྒྱུ་ཡིན་སྐོར་བཀོད་འདུག