ཕྱི་ལོ་༢༠༢༤ ཟླ་༦ ཚེས་༡༧ ཉིན། འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྒྱ་གར་གྱི་ས་གནས་མང་པོ་ཞིག་ལ་རྐང་འཁོར་སྐོར་བསྐྱོད་བྱས་ནས་ཧི་མ་ལའི་མི་རིགས་དང་རྒྱ་གར་བར་བོད་དོན་གོ་རྟོགས་དང་དམིགས་བསལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་ལས་འགུལ་སྤེལ་ཡོད་པ་མ་ཟད། ཁོ་ཚོར་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་སོང་། ད་ཐེངས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ལ་དྭགས་མཁར་གདོང་ལ་རྩེ་ནས་བཞུགས་སྒར་རྡ་རམ་ས་བར་གནང་ནས་དེ་རིང་རྡ་རམ་སར་འབྱོར་གནང་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠།༣༠ ཐོག བཞུགས་སྒར་རྡ་རམ་སའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མི་རྣམས་ཀྱིས་འཇམ་དབྱངས་བསྟན་འཛིན་རྡ་རམ་སར་འབྱོར་སྐབས་བསུ་མ་བྱས་སོང་། སྐབས་དེར། ཁོང་གིས་ཟླ་མང་པོ་རིང་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སྐབས་ཀྱི་མྱོང་ཚོར་དང་དཀའ་ངལ་སོགས་ཀྱི་སྐོར་ལ་གསར་འགོད་པར་འགྲེལ་བརྗོད་གནང་སོང་།
འཇམ་དབྱངས་བསྟན་འཛིན་ལགས་ཀྱི་བརྗོད་དོན། བོད་དོན་རྐང་འཁོར་སྐོར་བསྐྱོད་འགྲོ་སྐབས་མི་མང་ཞིག་གིས་དགའ་བསུ་དང་སེམས་ཤུགས་སྤེལ་གྱི་འདུག དམིགས་བསལ་ལ་དྭགས་ལ་སླེབས་སྐབས་མི་རྣམས་དགའ་བསུ་ཤགས་ཆེན་པོ་ཐོབ་སོང་། གཙོ་བོ་བོད་དོན་སྐོར་ལས་འགུལ་སྤེལ་བཞིན་ཡོད་རྐྱེན་ཁོ་ཚོས་ང་ལ་སེམས་ཤུགས་སྤེལ་བ་གཅིག་པོ་མིན་པ་དང་། ངས་ཁོ་ཚོར་བོད་དོན་ཐོག་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། ཁོ་ཚོས་བོད་དོན་ཐོག་ལས་འགུལ་སྤེལ་ན་ཤུགས་རྐྱེན་ཤུགས་ཆེ་བ་ཐེབས་ཀྱི་ཡོད་ཅེས་བརྗོད་པ་ཡིན། དེ་ནས་ཁོང་གིས་རྐང་འཁོར་སྐོར་བསྐྱོད་ལས་འགུལ་སྤེལ་སྐབས་དཀའ་ངལ་གང་བྱུང་བའི་སྐོར་ནས་བརྗོད་དོན། བོད་དོན་རྐང་འཁོར་སྐོར་བསྐྱོད་བྱེད་སྐབས་དཀའ་ངལ་ཆེན་པོ་དེ་འདྲ་འཕྲད་མ་སོང་། དཀའ་ངལ་གཙོ་བོ་དེ་ལམ་ཁ་གཟར་མོ་ཐུག་སྐབས་རྐང་འཁོར་ཡར་བུད་རྒྱག་བྱེད་སྐབས་རྐང་འཁོར་མར་ཡོང་གི་འདུག ལམ་ཁ་གཅིག་གི་སྒང་ལ་ཆུ་ཚོད་གསུམ་བཞི་དེ་འདྲ་འགོར་གྱི་འདུག ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་གར་མངའ་སྡེ་དྷེ་ར་དྷུན་དུ་གནས་སྡོད་པ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཐེངས་བཞི་པ་ནི་དགྲ་བོ་རྒྱ་དམར་གྱི་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ཉིན་མོ་སྟེ་འདི་ལོའི་ཕྱི་ཟླ་ ༥ ཚེས་༢༣ ཉིན་དང་སྟབས་བསྟུན་གྱིས་ལ་དྭགས་མཁར་གདོང་ལ་རྩེ་ནས་འགོ་འཛུགས་ཀྱིས་ལ་དྭགས་གཙོས་ཁུ་ནུ་དང༌། མ་ན་ལི། རྡ་རམ་སའི་ཉེ་འཁོར་གྱི་ཧི་མ་ལ་ཡའི་མི་རིགས་དང་། རྒྱ་གར་ཡུལ་མི་སོགས་ལ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་གནང་འདུག
དེ་སྔོན་སྔ་རྗེས་སུ་རྐང་འཁོར་སྐོར་སྐྱོད་ཐེངས་གསུམ་བྱས་ཡོད་འདུག དང་པོ་དེ་ཕྱི་ལོ་༢༠༢༣ ཟླ ༡༠ ཚེས་༡༢ ཉིན་བཞུགས་སྒར་རྡ་ས་འགོ་བཙུགས་ནས་སྤྱི་ལེ་༣༠༠༠་སྐོར་བསྐྱོད་གནང་ནས་གནས་མཆོག་རྡོ་རྗེ་གདན་ལ་ཕྱི་ཟླ་༡༡ ཚེས་༡༤་ཉིན་ལ་སླེབས་འདུག དེ་ནས་ཕྱི་ལོ་༢༠༢༣ ཟླ ༡༢ ཚེས་༡་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་འགོ་འཛུགས་གནང་ནས་སྤྱི་ལེ་༣༠༠༠་སྐོར་བསྐྱོད་གནང་ནས་སྤྱི་ལེ་༣༠༠༠་སྐོར་བསྐྱོད་གནང་ནས་ཕྱི་ལོ་༢༠༢༤ ཟླ་༡ ཚེས་༨ ཉིན་བདེ་སྐྱིད་གླིང་ལ་འབྱོར་འདུག ཐེངས་གསུམ་པ་དེ་བདེ་སྐྱིད་གླིང་ནས་ཕྱི་ལོ་༢༠༢༤ ཟླ ༣ ཚེས་༥ཉིན་འགོ་འཛུགས་ཀྱིས་སྤྱི་ལེ་༢༥༠་སྐོར་བསྐྱོད་གནང་ནས་རྒྱ་གར་རྒྱལ་ས་ལྡི་ལི་ལ་ལོ་འདིའི་ཟླ་༣ ཚེས་༡༠་གསུམ་བཅུ་དུས་དྲན་ཉིན་སླེབས་ཡོད་འདུག།
འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་རྐང་འཁོར་སྐོར་བསྐྱོད་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་སྐོར་ནས་གསུང་དོན། གཙོ་བོ་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་གཙོས་རྒྱ་གར་གྱི་མཐར་ཐུགས་བདེ་འཇགས་སླད་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་དགོས་གལ་སོགས་ཀྱི་ཐད་གོ་རྟོགས་སྤེལ་ཡོད། རང་མི་རིགས་ཀྱི་བློ་གསར་གཞོན་སྐྱེས་རྣམས་ལ་མི་རིགས་ཀྱི་འཐབ་རྩོད་ཐད་བློ་དཀར་ཞུམ་མེད་ཀྱིས་ཞབས་ཞུ་སྒྲུབ་དགོས་གལ་སོགས་ཀྱི་བློ་སྐྱེད་དང་སེམས་ཤུགས་སྐྲུན་རྒྱུ་ཆེད་དུ་ཡིན་པ་མ་ཟད། ལས་འགུལ་འདི་བཞིན་ཁོང་རྣམ་པར་མིག་དཔེར་འོས་པའི་འཐབ་རྩོད་ཀྱི་ལས་དོན་ཞིག་ཆག་རྒྱུར་རེ་བ་ཞུ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་རྒྱ་དམར་གཞུང་ལ་ལས་འགུལ་གྱི་དགོས་འདུན་ནམ་བརྡ་ལེན་གསུམ་བཏོན་གནང་འདུག ༡༽ དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མ་དག་བདག་བཟུང་བྱས་པའི་བོད་རྒྱལ་ཁབ་དེ་བཞིན་ཆ་རྐྱེན་གང་ཡང་མེད་པར་བོད་མིར་ཚུར་སྤྲད་དགོས་པའི་བརྡ་ལེན། ༢༽ དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་རྣམས་མཚམས་འཇོག་དགོས། ༣༽ རྒྱ་གར་གཞུང་དམངས་གཉིས་ནས་བོད་ཀྱི་གནད་དོན་གལ་ཆེར་འཛིན་པའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུར་རེ་བ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག