ཕྱི་ལོ་༢༠༢༤ ཟླ་༡༠ ཟླ་༢༩ ཉིན་སྤེལ། རྒྱ་ནག་ནང་དུ་བྱིས་པ་སྐྱེས་ཚད་ཉུང་དུ་ཕྱིན་པའི་རྐྱེན་གྱིས་སྔོན་འགྲོའི་སློབ་གྲྭ་སྟོང་ཕྲག་མང་པོ་སྒོ་བརྒྱབ་ཡོད་འདུག བྱིས་པ་སྐྱེས་ཚད་ཉུང་དུ་ཕྱིན་པའི་རྐྱེན་ནི་རྒྱ་ནག་ནང་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་དང་ཕོ་མོའི་གྲངས་ཚད་མི་མཉམ་པ། ཆུང་མ་རག་དཀའ་བ་དང་ཆུང་མ་ལེན་སྐབས་ཀྱང་འགྲོ་གྲོན་ཆེན་པོ་ཡིན་པ། དེ་བཞིན་བྱིས་པ་སྐྱེས་འདོད་མེད་པ་དང་རང་དབང་ངང་ནས་གཅིག་པོར་སྡོད་པའི་འདེམས་ཀ་བྱེད་བཞིན་ཡོད་པ་བཅས་ཡིན་འདུག
དེ་ཡང་། ཉེ་ཆར་གནས་ཚུལ་ཐོན་པར་བལྟས་ན། ཕྱི་ལོ་༢༠༢༣་ལོར་རྒྱ་ནག་ནང་གི་སྔོན་འགྲོའི་སློབ་གྲྭ་༡༥༠༠་ཙམ་ཞིག་སྒོ་བརྒྱབ་ཡོད་འདུག རྒྱ་ནག་ནང་སྔོན་འགྲོའི་སློབ་གྲྭར་འགྲོ་མཁན་ལོ་གསུམ་བསྟུད་མར་མར་ཆག་ཡོད་འདུག ན་ནིང་བརྒྱ་ཆ་༡༡.༥༥་ཡང་ན་ས་ཡ་༥.༣༥་མར་ཆག་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༢༣་ལོར་གཞི་རིམ་སློབ་གྲྭའི་གྲངས་འབོར་༥༦༤༥་མར་ཆག་ཡོད་འདུག
དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་གཞུང་གིས་ཕྱི་ལོ་༡༩༧༩་ལོར་ཁྱོ་ཤུག་གཉིས་ལ་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་སྲིད་བྱུས་བཙན་དབང་གིས་ལག་བསྟར་བྱས་རིང་། རྒྱ་ནག་ནང་བྱིས་པ་ས་ཡ་བཞི་བརྒྱ་ཙམ་སྐྱེ་སྒོ་བཀག་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག སྲིད་བྱུས་དེ་ཕྱི་ལོ་༢༠༡༥་ལོར་མེད་པ་བཟོས་ཡོད་ཀྱང་། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཨང་གཉིས་པ་ཆགས་ཟིན་པ་དང་རྒྱ་གར་ནི་མི་འབོར་མང་ཤོས་དེ་ཆགས་ཡོད། རྒྱ་ནག་ནང་ད་ལྟར་ལོ་ན་མཐོ་བའི་མི་མང་བ་དང་ལོ་ན་གཞོན་པའི་མི་ཉུང་ནས་ཉུང་འགྲོ་བཞིན་ཡོད་འདུག
ལོ་སྔོན་མར་རྒྱ་ནག་གི་མི་འབོར་ལོ་གཉིས་བསྟུད་མར་ཆག་ནས་མི་འབོར་དུང་ཕྱུར་ ༡.༤ ལ་སླེབས་ཡོད་པ་དང་། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་ནང་བྱིས་པ་སྐྱེས་པ་ས་ཡ་དགུ་ལས་བྱུང་མེད་པ་དེ་ནི་ཕྱི་ལོ་༡༩༤༩་ལོར་ཟིན་ཐོ་འགོད་འགོ་ཚུགས་པ་ནས་བཟུང་གྲངས་ཀ་དམའ་ཤོས་དེ་ཡིན་འདུག སྐྱེས་ཚད་མར་ཆག་པའི་རྐྱེན་གྱིས་འཛམ་གླིང་ནང་མི་འབོར་མང་ཤོས་ཡིན་པའི་རྒྱ་ནག་དེ་ཕྱི་ལོ་༢༠༢༣་ལོར་མི་འབོར་མང་ཤོས་གཉིས་པ་དེ་ཆགས་ཡོད་པ་དང་། འཛམ་གླིང་ནང་མི་འབོར་མང་ཤོས་དེ་རྒྱ་གར་ཆགས་ཡོད་འདུག འདི་ལོར་རྒྱ་གར་ནང་མི་འབོར་དུང་ཕྱུར་༡.༤༥༠་ལྷག་ཡོད་འདུག
ཕྱི་ལོ་༢༠༢༣ ལོའི་ལོ་མཇུག་ཏུ་རྒྱ་ནག་གི་མི་འབོར་ལོ་ ༦༠ ཡན་གྱི་མི་འབོར་ས་ཡ་ ༣༠༠ ལ་སླེབས་རྒྱུ་ཡིན་པ་དང་། སྔོན་འགྲོ་སློབ་གྲྭ་མང་པོ་ཞིག་རྒན་རྒོན་ལ་ལྟ་སྐྱོང་བྱེད་སའི་ལྟེ་གནས་སུ་བསྒྱུར་ཡོད་འདུག སྔོན་འགྲོ་སློབ་གྲྭའི་ལས་བྱེད་མང་པོ་ཞིག་གིས་རྒན་རྒོན་ལ་ལྟ་སྐྱོང་བྱེད་པའི་ལས་ཀ་བྱེད་དགོས་བྱུང་ཡོད་འདུག
བྱིས་པ་སྐྱེས་ཚད་ཉུང་དུ་ཕྱིན་པའི་རྐྱེན་གཅིག་ནི་ཕོ་མོའི་གྲངས་ཚད་མི་མཉམ་པ་དེ་ཡིན་འདུག རྒྱ་ནག་ནང་དུ་སྐྱེས་པ་གྲངས་ཚད་ནི་བུད་མེད་ཀྱི་ལྡབ་གཉིས་ཡིན་སྐོར་བརྗོད་བཞིན་འདུག བུད་མེད་གྲངས་ཚད་ནི་ཉུང་བའི་རྐྱེན་ནི་རྒྱ་གཞུང་གིས་ཁྱོ་ཤུག་གཉིས་ལ་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་སྲིད་བྱུས་དེ་བཙན་གྱིས་ལག་བསྟར་བྱེད་སྐབས། ཕ་མ་གཉིས་ཀྱིས་མངལ་དུ་འཁོར་བའི་བྱིས་པ་བུ་མོ་ཡིན་པ་ཤེས་རྗེས་མེད་པ་བཟོ་བ་དང་བྱིས་པ་བུ་ཞིག་སྐྱེས་ནས་ཤུལ་བཞག་རྒྱུད་འཛིན་བྱས་རྐྱེན་བུད་མེད་ལས་སྐྱེས་པ་མང་པོ་ཆགས་ཡོད་འདུག
རྐྱེན་གཞན་དག་ནི་གཞོན་སྐྱེས་ཚོས་ལས་ཀ་ཡག་པོ་མི་རག་པ་དང་། གླ་ཆ་མཐོ་པོ་མེད་པ། ཆུང་མ་ལེན་སྐབས་འགྲོ་གྲོན་ཆེན་པོ་ཡིན་པ། དེ་བཞིན་བྱིས་པ་སྐྱེས་འདོད་མེད་པ་དང་རང་དབང་ངང་ནས་གཅིག་པོར་སྡོད་པའི་འདེམས་ཀ་བྱེད་བཞིན་པ་བཅས་ཡིན་འདུག
རྒྱ་གཞུང་གིས་བྱིས་པ་སྐྱེས་ཚད་མང་དུ་གཏོང་ཆེད་སྲིད་ཇུས་འདྲ་མིན་ལག་ལེན་བསྟར་བྱེད་བཞིན་ཡོད་འདུག དཔེར་ན། ཉེ་ཆར་རྒྱ་གཞུང་གིས་གཉེན་སྒྲིག་གི་སྲིད་བྱུས་འགྱུར་བ་བཏང་ནས་གཉེན་སྒྲིག་གི་ཡིག་ཆ་ཐོ་འགོད་བྱེད་སྐབས་ཐེམ་ཐོ་མི་དགོས་པ་བཟོས་འདུག དེ་བཟོས་པའི་དམིགས་ཡུལ་ནི་ས་ཆ་གཞན་དུ་ལས་ཀ་བྱེད་བཞིན་པའི་མི་ཚོའི་ཆེད་དུ་ཡིན་སྐོར་དང་གཉེན་སྒྲིག་ཐོ་འགོད་བྱེད་རྒྱུར་སྟབས་བདེ་ཡོང་ཆེད་ཡིན་སྐོར་བརྗོད་འདུག
སྤྱིར་རྒྱ་ནག་གཅིག་པོ་མིན་པ་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཉི་ཧོང་དང་། ཡོ་རབ་རྒྱལ་ཁབ་པོ་ལེན་དང་ལི་ཐུ་ནེ་ཡ་སོགས་སུ་ལོ་རྟག་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་འདུག ཉམས་ཞིབ་པས་བརྗོད་པ་ལྟར་ན། འཛམ་གླིང་མི་འབོར་དུང་ཕྱུར་༡༠་ཆགས་རྗེས་སུ་དེ་ནས་སྤྱི་ཡོངས་ཀྱི་མི་འབོར་ཉུང་དུ་འགྲོ་རྒྱུ་ཡིན་འདུག