ཕྱི་ལོ་༢༠༢༤ ཟླ་༨ ཚེས་༡༩ ཉིན་སྤེལ། རྒྱ་གཞུང་གིས་མི་ལོ་སུམ་ཅུ་ལྷག་རིང་ཁྱོ་ཤུག་གཉིས་ལ་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་རིང་། རྒྱ་ནག་ནང་བྱིས་པ་ས་ཡ་བཞི་བརྒྱ་ཙམ་སྐྱེ་སྒོ་བཀག་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག དེར་བརྟེན། ད་ལྟར་རྒྱ་ནག་ནང་གཞོན་སྐྱེས་མི་འབོར་ཉུང་ཉུང་ཆགས་པའི་དཀའ་ངལ་འཕྲད་ཡོད་ཅིང་། རྒྱ་གཞུང་གིས་སྲིད་བྱུས་འགྱུར་བ་བཏང་ནས་གཞོན་སྐྱེས་ལ་སེམས་ཤུགས་སྤེལ་ནས་གཉེན་སྒྲིག་བཅུག་པ་དང་གཉེན་སྒྲིག་མཁན་ལ་སྟབས་བདེ་བཟོས་ནས་གཉེན་སྒྲིག་ཡིག་ཆ་ལེན་སྐབས་ཐེམ་ཐོ་མི་དགོས་པའི་གཏན་འབེབས་བྱས་འདུག
དེ་ཡང་། རྒྱ་གཞུང་གིས་ཉེ་ཆར་གཉེན་སྒྲིག་གི་སྲིད་བྱུས་འགྱུར་བ་བཏང་ནས་གཉེན་སྒྲིག་གི་ཡིག་ཆ་ཐོ་འགོད་བྱེད་སྐབས་ཐེམ་ཐོ་མི་དགོས་པ་བཟོས་འདུག དེ་བཟོས་པའི་དམིགས་ཡུལ་ནི་ས་ཆ་གཞན་དུ་ལས་ཀ་བྱེད་བཞིན་པའི་མི་ཚོའི་ཆེད་དུ་ཡིན་སྐོར་དང་གཉེན་སྒྲིག་ཐོ་འགོད་བྱེད་རྒྱུར་སྟབས་བདེ་ཡོང་ཆེད་ཡིན་སྐོར་བརྗོད་འདུག དངོས་ཡོད་ཐོག་གཞོན་སྐྱེས་ཚོས་གཉེན་སྒྲིག་ལས་སླ་རུ་བཏང་ནས་གཉེན་སྒྲིག་མང་པོ་ཡོང་ཐབས་ཆེད་དུ་ཡིན་འདུག འོན་ཀྱང་། རྒྱ་ནག་ནང་གཉེན་སྒྲིག་མཁན་ཉུང་ནས་ཉུང་ནས་འགྲོ་བཞིན་ཡོད་པ་རེད། གང་ཡིན་ཟེར་གཞོན་སྐྱེས་ཚོས་ལས་ཀ་ཡག་པོ་མི་རག་པ་དང་། གླ་ཆ་མཐོ་པོ་མེད་པ། ཆུང་མ་ལེན་སྐབས་འགྲོ་གྲོན་ཆེན་པོ་ཡིན་པ། དེ་བཞིན་བྱིས་པ་སྐྱེས་འདོད་མེད་པ་རང་དབང་ངང་ནས་གཅིག་པོར་སྡོད་པའི་འདེམས་ཀ་བྱེད་བཞིན་ཡོད་འདུག
དེར་བརྟེན། རྒྱ་གཞུང་འདི་ལོ་ནས་སློབ་གྲྭ་ཁག་གི་ནང་དུ་སློབ་མ་ཚོར་གཉེན་སྒྲིག་གི་གལ་གནད་སྐོར་ལ་སློབ་གསོ་གཏོང་བཞིན་ཡོད་པ་མ་ཟད། པེ་ཅིང་གི་མཐོ་སློབ་ཅིག་གི་ནང་དུ་གཉེན་སྒྲིག་དང་འབྲེལ་བའི་སློབ་ཚན་གསར་པ་ཟླ་རྗེས་མ་ཕྱི་ཟླ་༩་པའི་ནང་དུ་འགོ་འཛུགས་བྱ་རྒྱུ་ཡིན་འདུག ད་ལྟར་རྒྱ་གཞུང་གིས་གཞོན་སྐྱེས་རྣམས་གཉེན་སྒྲིག་ཆེད་རྒྱབ་སྐྱོར་དང་སེམས་ཤུགས་སྤེལ་བཞིན་ཡོད་འདུག
ཕྱོགས་གཅིག་ནས་རྒྱ་ནག་ནང་བཟང་ཚང་ཁ་བྲལ་གྱི་གནས་ཚུལ་ཧ་ཅང་མང་པོ་བྱུང་བཞིན་ཡོད་འདུག གནས་ཚུལ་དེ་བོད་ནང་དུའང་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་རེད། དེ་སྔོན་བོད་ནང་གི་བོད་མི་ཞིག་གིས་དེང་སང་བོད་ནང་བཟའ་ཚང་ཁ་བྲལ་མཁན་མང་པོ་འདུག འདི་ལོ་གཉེན་སྟོན་བྱེད་མཁན་༡༠༠་ཡོད་ན་ལོ་རྗེས་མ་བཟའ་ཚང་ཁ་བྲལ་མཁན་༥༠་འདུག་ཟེར། རྒྱ་ནག་ནི་འཛམ་གླིང་ནང་བཟའ་ཚང་ཁ་བྲལ་གྲངས་ཚད་མཐོ་ཤོས་གྲས་ཀྱི་ཨང་དྲུག་པ་དེ་ཡིན་འདུག དེར་བརྟེན། རྒྱ་གཞུང་གིས་ཟླ་གཅིག་རིང་བཟའ་ཚང་ཁ་བྲལ་གྱི་བསམ་གཞིགས་བྱེད་པའི་དུས་ཡུན་ཞེས་པའི་སྲིད་བྱུས་ཤིག་ཀྱང་ལག་བསྟར་བྱས་ནས་བཟའ་ཚང་ཁ་བྲལ་མི་འགྲོ་བའི་ཐབས་ཤེས་གཏོང་བཞིན་ཡོད་འདུག འོན་ཀྱང་། སྲིད་བྱུས་དེ་སྐྱེས་པ་དྲག་སྤྱོད་པ་ཚོས་ཆུང་མར་མུ་མཐུད་ནས་ཉེས་རྡུང་གཏོང་གོ་སྐབས་ཤིག་སྤྲད་ནས་ཆུང་མ་དེ་སྡུག་མྱོང་གི་ཡོད་འདུག ད་ལྟར་རྒྱ་ནག་ནི་འཛམ་གླིང་བཟའ་ཚང་ཁ་ཐོར་མཁན་མང་ཤོས་གྲས་ཨང་དྲུག་པ་དེ་ཡིན་འདུག
སྤྱིར། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་དེ་ཡིན། འོན་ཀྱང་། རྒྱ་གཞུང་གིས་ཕྱི་ལོ་༡༩༧༩་ལོར་ཁྱོ་ཤུག་གཉིས་ལ་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་སྲིད་བྱུས་བཙན་དབང་གིས་ལག་བསྟར་བྱས་རིང་། རྒྱ་ནག་ནང་བྱིས་པ་ས་ཡ་བཞི་བརྒྱ་ཙམ་སྐྱེ་སྒོ་བཀག་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག སྲིད་བྱུས་དེ་ཕྱི་ལོ་༢༠༡༥་ལོར་མེད་པ་བཟོས་ཡོད་ཀྱང་། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཨང་གཉིས་པ་ཆགས་ཟིན་པ་དང་རྒྱ་གར་ནི་མི་འབོར་མང་ཤོས་དེ་ཆགས་ཡོད། རྒྱ་ནག་ནང་ད་ལྟར་ལོ་ན་མཐོ་བའི་མི་མང་བ་དང་ལོ་ན་གཞོན་པའི་མི་ཉུང་ནས་ཉུང་འགྲོ་བཞིན་ཡོད་འདུག