ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་༡༠ ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག སྐུ་མགྲོན་གཙོ་ནིའུ་ཛི་ལེན་ཌི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཧྥི་ཇི་ཡི་གྲོས་ཚོགས་འཐུས་མི། དེ་བཞིན་རྒྱ་གར་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་བློ་འདོན་ལྟེ་གནས་ཁང་གི་ཚོགས་གཙོ་དང་ཚོགས་མི། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་ཞིག་བཅས་ཆེད་ཕེབས་གནང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་ནས་མི་ལོ་༣༥ འཁོར་བའི་དུས་དྲན་ཉིན་མོ་སྲུང་བརྩི་ཞུས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་ཐེངས་ ༣༥ དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་ ༧༦ བཅས་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཚོགས་གནང་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་ནིའུ་ཛི་ལེན་ཌི་གྲོས་ཚོགས་འཐུས་མི་ཇོ་སབ-མུ་ནི་ (Joseph Mooney) དང་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་སུ་རེཤ-བྷ་བུ་ (Shri Suresh Prabhu) མཆོག སྐུ་མགྲོན་གཞན་ནི་ནིའུ་ཛི་ལེན་ཌི གྲོས་ཚོགས་འཐུས་མི་ཧེ་ལེན-ཝ་ཧའི་ཊི་ (Helen White) མཆོག ནིའུ་ཛི་ལེན་ཌི་གྲོས་ཚོགས་འཐུས་མི་ཨིང་གྷི་རི་ཊི-ལེ་རི་ (Ingrid Leary) མཆོག ཧྥི་ཇི (Fiji)་གྲོས་ཚོགས་འཐུས་མི་རི་ནེཤ-ཤར་མ་ (Rinesh Sharma) མཆོག དེ་བཞིན་ལྡི་ལི་བློ་འདོན་ལྟེ་གནས་ཁང་(India Foundation) གི་ཁྱད་མཁས་སྐུ་ཞབས་ཨ་རུན-ཀུ་མཱར-ས་ནི་ (Lt. Gen. Arun Kumar Sahni) མཆོག་བཅས་རེད་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། རྡ་ས་ཁུལ་གྱི་བོད་མི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་མཉམ་ཞུགས་གནང་འདུག
ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་ཚབ་བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སོང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་གྲུབ་མཚམས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་ཕུལ་ཞུས་སོང་།
དེ་ནས་སྲིད་ཚབ་བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར། གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་ཞུ་དང་། མཛད་སྒོར་ཆེད་ཕེབས་གནང་བའི་ནིའུ་ཛེ་ལནྜ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། ཧྥི་ཇིའི་གྲོས་ཚོགས་འཐུས་མི། རྒྱ་ནག་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་ཆུང་གི་ཨོ་གླིང་འབྲེལ་མཐུད་པ། རྒྱ་གར་ཐེབས་རྩ་ཁང་གི་འགན་ལྷན་ཚོགས་གཙོ་དང་ཚོགས་མི་རྣམ་པས་མཚོན་སྐུ་མགྲོན་ཡོངས་དང་། གཞིས་བྱེས་ལྷ་མི་ཡོངས་ལ་དགའ་སྤྲོ་འཁོལ་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་དང་།
བཀའ་བློན་མཆོག་ནས་མུ་མཐུད་ནས་གསུང་དོན། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་ཞི་བདེའི་གཟེངས་རྟགས་འདི་འབུལ་དགོས་དོན་ནི། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རང་དབང་རྩོད་ལེན་ཁྲོད་འཚེ་བའི་ལས་བརྩམ་རྒྱུར་དགག་ཆ་མཐའ་གཅིག་ཏུ་གནང་བ་མ་ཟད། དེ་ལས་ལྡོག་སྟེ་བཟོད་བསྲན་དང་ཕན་ཚུན་བརྩི་བཀུར་གཞི་རྩར་བཟུང་བའི་ཞི་མཐུན་འགྲིག་འཇགས་ཀྱི་ཐབས་ཚུལ་ལ་བརྟེན་ནས། བོད་མིའི་ལོ་རྒྱུས་དང་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་ཀྱི་བཞེད་དགོངས་འདོན་གནང་མཛད་ཡོད་ཅེས་ངོས་འཛིན་ཞུས་ཡོད་པ་དང་། དེ་ལ་བརྟེན་ནས། རྒྱལ་སྤྱིའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་དང་། བོད་མིའི་བདེན་དོན་འཐབ་རྩོད་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་རྒྱ་ཆེར་བྱུང་ཡོད་པ་སྨོས་མ་དགོས་ནའང་། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་གཟེངས་རྟགས་འདི་ཡང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་སྟོབས་ཤུགས་དང་། ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་རྩིས་ཏེ་ངོ་རྒོལ་སྐད་ངན་འདོན་གྱི་ཡོད། ཅེས་སོགས་གསུངས་སོང་།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། དེ་རིང་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ལྷར་བཅས་སྲིད་ཞིའི་གཙུག་རྒྱན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར། མགོན་པོ་མཆོག་གིས་མཁའ་ཁྱབ་འགྲོ་བ་ཡོངས་ལ་བུ་གཅིག་པའི་མ་ལྟར་ཐུགས་བརྩེའི་གསང་གསུམ་འཕྲིན་ལས་ཀྱི་འདོད་རྒུ་བསམ་གྱིས་མི་ཁྱབ་པ་དུས་ལས་ཡོལ་བ་མེད་པར་བསྐྱངས་དང་སྐྱོང་བཞིན་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་རྗེས་དྲན་དང་སྦྲགས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་དང་།
ཚོགས་གཙོ་མཆོག་གིས་མུ་མཐུད་ནས་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྟན་འགྲོ་སྤྱི་དང་། ལྷག་པར་དུ་བོད་མི་རྣམས་ལ་ཕུགས་རྒྱང་རིང་པོར་དགེ་ཕན་ཆེ་བའི་ལམ་སྟོན་དང་དགོངས་གཞི་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་ནས་བཟུང་སྐུ་ངལ་དུ་མར་ཁྱད་བསད་ཀྱིས་བཙན་བྱོལ་བོད་གཞུང་དང་། སློབ་གྲྭ། ཆོས་སྒར། གཞིས་སྒར་ཁག་གསར་འཛུགས་དང་སྦྲགས། བོད་མིའི་བདེན་དོན་འཐབ་རྩོད་འཚེ་བ་མེད་པ་དང་། དྲང་བདེན་དང་འདྲ་མཉམ་གྱི་བོད་མིའི་སྤྱི་ཚོགས་ཤིག་སྐྲུན་ཞིང་། བོད་མི་རྣམས་མང་གཙོའི་ལམ་ལུགས་ཐོག་སྣེ་ཁྲིད་མཛད་ནས་བཙན་བྱོལ་བ་གཞན་དང་མི་འདྲ་བ་ཞིག་ཚགས་ཚུད་དང་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་མུས་ཡིན་པ་མིག་མཐོང་ལག་ཟིན་གྱི་ཐུགས་རྗེའི་མཛད་འཕྲིན་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་ཐོབ་པའི་ཐོག་ནས། གང་ཉིད་ཀྱིས་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐབས་ཀྱི་མཛད་འཁུར་བཞེས་བཞིན་པ་ལྟར། འཛམ་གླིང་འདིའི་ནང་གི་དཀའ་རྙོག་རྣམས་འཚེ་བ་མེད་པ་དང་། ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱས་ཏེ་འཛམ་གླིང་འདི་བཞིན་གོ་མཚོན་མེད་པ་ཞི་བདེའི་ཕྱོགས་སུ་མདུན་བསྐྱོད་བྱ་དགོས་པ་ནི་གང་ཉིད་ཀྱི་དགོངས་གཞི་ཧ་ཅང་གི་གལ་ཆེན་ཞིག་ཆགས་ཡོད་ན། རང་གཞན་ཀུན་ལ་ཕན་པའི་རླབས་ཆེན་གྱི་དགོངས་གཞི་འདི་རིགས་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་ཐུགས་སྣང་དང་དངོས་སུ་ལག་བསྟར་ཡོང་ཐབས་བྱ་དགོས་པ་ནི་དེང་གི་འཛམ་གླིང་ནང་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཅེས་དང་།
དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་ཞིང། ཕྱི་ལོ་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་མི་ལོ་ ༧༦ འགྲོ་བཞིན་ཡོད་ཀྱང་། ཆེས་བློ་ཕམ་པ་ཞིག་ལ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་མང་པོ་ཞིག་སྔ་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་དཀའ་མེད་བྱུང་བ་དང་། དུས་དེ་ནས་ད་བར་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ལས་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མཐོང་རྒྱུ་མེད་པ་མ་ཟད། རྒྱ་གཞུང་གིས་བོད་མི་རིགས་དང་། སྐད་ཡིག ནང་ཆོས། རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་བརླག་ཏུ་གཏོང་རྒྱུའི་ཆེད་བོད་ནང་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་རབས་དང་རིམ་པ་མུ་མཐུད་ལག་བསྟར་བྱས་པར་བརྟེན། བོད་མི་རྣམས་ནས་ཕྱི་ལོ་ ༡༩༥༩ ལོར་གསུམ་བཅུའི་བོད་མིའི་རང་དབང་སྒེར་ལངས་ཆེན་མོས་མཚོན། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་སྔ་རྗེས་སུ་བྱུང་བའི་ཞི་རྒོལ་རིམ་པ་ཁག་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་དགོས་བྱུང་བ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་རང་བཙན་དགོས་པ་སོགས་ཀྱི་དགོས་འདུན་རིམ་པ་བཏོན་གནང་ཡང་རྒྱ་གཞུང་གིས་ད་བར་དངོས་ཡོད་གནས་སྟངས་དང་མཐུན་པའི་ཡ་ལན་གང་ཡང་བྱས་མེད་པ་མ་ཟད་འགྲོ་བ་མི་ཡི་ཐོབ་ཐང་བརྩི་སྲུང་ཡེ་ནས་མེད་པར་ཞི་རྒོལ་གནང་མཁན་དང་བོད་མི་རྣམས་ལ་སྙོན་འཛུགས་འདྲ་མིན་གྱིས་བཀག་ཉར་དང་། འདྲི་རྩད། རྡུང་རྡེག བཙོན་འཇུག འགྲོ་འོང་དམ་བསྒྲགས་སོགས་གནས་སྟངས་ཡ་ང་བ་བྱུང་དང་འབྱུང་བཞིན་ཡོད། ཅེས་སོགས་གསུངས་སོང་།
དེའི་རྗེས། སྐུ་མགྲོན་རྣམ་པས་རིམ་པས་མཛད་སྒོ་དང་འབྲེལ་གསུང་བཤད་གནང་སོང་། སྐབས་དེར་ཁོང་རྣམ་པས་བོད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་དང་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
དེ་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་སྒྲུབ་མཁན་ལས་བྱེད་གྲངས་ ༢ ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་གསོལ་རས་དང་། ནང་སྲིད་ལས་ཁུངས་ཀྱི་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྲི་ཞུ་སྒྲུབ་མཁན་ལས་བྱེད་གྲངས་ ༡ ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་གསོལ་རས་གནང་སོང་།
མཐའ་མར། བོད་ཀྱི་ཟློས་གར་ཚོགས་པ་ནས་མདོ་སྨད་ཀྱི་མཉམ་གཞས་བོད་ཁ་བ་ཅན་གྱི་ཁྱད་ནོར་ཞེས་པ་དང་། ཡོངས་གླིང་སློབ་གྲྭ་ནས་པོ་ཏཱ་ལ་ཞེས་པའི་གཞས་སྣ། མེག་གྷན་ཉིན་སློབ་ནས་གསེར་གྱི་དཔལ་བེའུ་ཞེས་པའི་གཞས་སྣ། གོ་པལ་པུར་བོད་ཁྱིམ་ནས་སྟོད་དིང་རིའི་འཁྲབ་གཞས་ཕ་ཡི་གནས་ཆེན་རོང་ཕུ་ཞེས་པའི་གཞས་སྣ། རྡ་ཤོད་བོད་ཁྱིམ་ནས་རང་བཙན་གཞོན་ནུ་ཞེས་པའི་གཞས་སྣ། རྡ་སྟེང་བོད་ཁྱིམ་ནས་རྒྱལ་རོང་འཁྲབ་གཞས་སྐོར་བྲོ་རྨ་བྱ་ཆུ་འཐུང་ཞེས་པའི་གཞས་སྣ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་གྲོལ་སོང་།