ཕྱི་ལོ་༢༠༢༤ ཟླ་༡༡ ཚེས་༡༤ ཉིན། བཞུགས་སྒར་རྡ་རམ་སའི་མེག་གྷན་སྤྱི་ཐང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཧི་མ་ཅལ་མངའ་སྡེ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དབར་དུ་བོད་ནང་གི་བོད་ཕྲུག་དང་ཁོར་ཡུག་གི་ཛ་དྲག་གི་གནས་སྟངས་གོ་རྟོགས་ཀྱི་ལས་འགུལ་དབུ་འཛུགས་གནང་སོང་། སྐབས་དེར། རྒྱ་གར་སྲིད་འཛིན་མོ་ཊི་མཆོག་ལ་རྒྱ་གཞུང་གི་འགོ་ཁྲིད་དང་འཕྲད་སྐབས་བོད་ནང་གི་བཅའ་སྡོད་སློབ་གྲྭ་སྐོར་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་པའི་སྐོར། དེ་བཞིན་བོད་ནང་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་བཅས་ཀྱི་སྐོར་རྒྱ་གཞུང་དང་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་སོང་།
དེ་ཡང་། གོང་ཚེ་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཞུགས་སྒར་རྡ་རམ་སའི་མེག་གྷན་སྤྱི་ཐང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་དང་ཚོགས་གཞོན་སྐལ་བཟང་སྒྲོལ་མ་རྣམ་གཉིས་ཀྱིས་དེ་རིང་(ཚེས་༡༤)ནས་ཚེས་༢༠་དབར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནས་ཅན་ཌི་སྒ་བརྒྱུད་ནས་ལྡི་ལིར་འཕྲུལ་རྟ་བཞོན་ནས་མི་མང་ལ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། ཁོ་ཚོ་ས་གནས་དང་གྲོང་ཁྱེར་ཁག་ཏུ་གསར་འགོད་གསལ་བསྒྲགས་ཡང་སྤེལ་རྒྱུ་ཡིན་་སྐོར་བརྗོད་སོང་།
བོད་དོན་གོ་རྟོགས་ཀྱི་ལས་འགུལ་འདིའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ལྔ་དང་ལས་བྱེད་གཉིས་བཅས་ཁྱོན་བུད་མེད་བདུན་སྐོར་བསྐྱོད་གནང་གི་འདུག ལས་འགུལ་འདི་སྤེལ་དགོས་དོན་ནི་རྒྱ་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོ་བཙན་གྱིས་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭ་ནང་དུ་བཅུག་ནས་རྒྱའི་སྐད་ཡིག་དང་རིག་གཞུང་། གུང་ཁྲན་རིག་ལུགས་ཀྱི་ལྟ་བ་ཁོ་ན་བསླབས་ནས་བོད་ཕྲུག་རྒྱ་ཕྲུག་བསྒྱུར་བའི་སྲིད་ལག་བསྟར་བྱེད་བཞིན་ཡོད་པར་རྒྱ་གར་གཙོས་རྒྱལ་སྤྱིའི་ཐོག་གོ་རྟོག་དང་། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་གཙང་པོ་ཚོའི་ཐོག་ཆུ་མཛོད་བརྒྱབས་དང་རྒྱག་བཞིན་པ། ཡར་རྒྱས་ཁ་གཡར་ནས་བོད་ནང་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་པའི་སྐོར་གོ་རྟོགས་སྤེལ་ཆེད་ཡིན་སྐོར་བརྗོད་སོང་།
ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་བརྗོད་དོན། ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ཡོངས་སུ་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་དེ་བྱིས་པའི་ཐོབ་ཐང་དང་། བདག་སྐྱོང་། ཤེས་ཡོན། ཤེས་རྟོགས་ཆེ་རུ་གཏོང་ཆེད་ངོས་འཛིན་བྱས་ཡོད། རྒྱལ་སྤྱིའི་འཛམ་གླིང་བྱིས་པའི་ཉིན་མོ་ནི་ཐོག་མར་༡༩༥༤ ལོར་འཛམ་གླིང་བྱིས་པའི་ཉིན་མོ་ཞིག་ཏུ་བཙུགས་པ་བཞིན། ལོ་ལྟར་ཟླ་༡༡ ཚེས་༢༠ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་དང༌། འཛམ་གླིང་ཡོངས་ཀྱི་ཕྲུ་གུ་དང་། ཕྲུ་གུའི་བདེ་ཐང་ཡར་རྒྱས་གཏོང་བའི་ཆེད་རྒྱལ་སྤྱིའི་འཛམ་གླིང་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད།
བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་རིག་གནས་དང་འཚོ་བའི་གོམས་གཤིས་ཀྱི་ལྟེ་གནས་ཤིག་ཡིན་པ་དང་། ཡིན་ནའང་རྒྱ་ནག་གཞུང་གིས་ས་ཁུལ་དེར་ཆོས་དང་རིག་གཞུང་གི་བྱེད་སྒོའི་སྐོར་ལ་སྒྲིག་གཞི་དམ་པོ་བཟོས་ཡོད། རང་ལོ་ ༡༨ མན་གྱི་གྲྭ་བཙུན་རྣམས་ལ་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་འབུད་གཏོང་དགོས་པའི་བཙན་བཀའ་བཏང་ནས། ཁོ་ཚོ་འདོད་མོས་མེད་བཞིན་དུ་བཙན་གྱིས་རྒྱ་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་གི་ཡོད།
བོད་ཀྱི་བྱིས་པ་བཞི་ལས་གསུམ་ནི་བཙན་ཤེད་ཀྱིས་ཁྱིམ་ཚང་དང་ཁ་བྲལ་ནས་དབང་འོག་ཏུ་ཡོད་པའི་བཅའ་སྡོད་སློབ་གྲྭའི་ནང་དུ་བཞག་དགོས་པ་དང་། དེའི་ནང་ལོ་བཞི་ནས་དྲུག་བར་གྱི་བྱིས་པ་ཁྲི་གཅིག་ལྷག་སྔོན་འགྲོའི་སློབ་གྲྭའི་ནང་དུ་ཡོད་པས ། སྐད་ཡིག་གི་ངོས་འཛིན་ལ་བརྟེན་ནས་བྱིས་པ་ཚོར་སེམས་ཁམས་ལ་རྨས་སྐྱོན་བཟོ་ཡི་ཡོད། འདིས་བོད་རིགས་སློབ་མའི་སྤྱིའི་མི་གྲངས་བརྒྱ་ཆ་༧༨ ཟིན་ཡོད། བྱིས་པ་དེ་དག་རྒྱ་ཡིག་ཐོག་སློབ་སྦྱོང་བྱེད་དགོས་པས་སློབ་གྲྭའི་གུང་གསེང་སྐབས་དགོན་པ་དང་ཁྱིམ་དུ་ལོག་མི་ཐུབ། འདི་ནི་བོད་ཀྱི་བྱིས་པ་རྣམས་དབང་སྒྱུར་མཁན་གྱི་རིག་གནས་དང་སྐད་ཡིག་གི་དབང་ཤུགས་ཆེ་བའི་ནང་དུ་བསྡུ་རུབ་བྱེད་ཆེད་ཡིན། དེ་ལྟ་ནའང་ཁོང་ཚོ་ཆབ་སྲིད་ཀྱི་བསམ་བློ་དང་རིག་གནས་ཀྱི་མཉམ་བསྲེས་བྱེད་པའི་མཚོན་ཆ་ཞིག་ཡིན། རྒྱ་ནག་དམར་གཞུང་གིས་ང་ཚོའི་རྒྱལ་ཁབ་ཙམ་མ་ཡིན་པར་ང་ཚོའི་ཡར་ཐོན་ཅན་གྱི་རིག་གནས་ཧྲིལ་པོ་གཏོར་བརླག་གཏོང་བའི་སྲིད་ཇུས་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་སོང་།
དེ་ནས་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ཀྱིས་བརྗོད་དོན། བོད་ནི་འཛམ་གླིང་གི་ཐོག་ཁེབས་ཞེས་འབོད་པའི་ས་མཐོའི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་དེ་ཡིན་ཞིང་། ས་ཁུལ་འདི་ནི་ཨེ་ཤེ་ཡའི་གལ་ཆེའི་ཆུ་བོ་བཅུའི་འབྱུང་ཁུངས་ཡིན། མི་དུང་ཕྱུར་༢ ཙམ་གྱིས་བོད་ཀྱི་ཆུ་བོ་དེ་དག་ལ་བརྟེན་ཡོད། བོད་ནས་གཏེར་རྫས་སྔོག་འདོན་བྱེད་པ་དང་མཉམ་དུ་ཆུ་གློག་ལས་གཞི་འཕེལ་རྒྱས་དང་ཆུ་རགས་ཆེན་པོ་དང་གྲོང་ཁྱེར་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་ཁ་གཡར་ནས་བཟོ་ལས་འཕེལ་རྒྱས་འགྲོ་བཞིན་པ་དེས་བོད་ཀྱི་སྐྱེ་ཁམས་དོ་མཉམ་དང་རང་བྱུང་ཐོན་ཁུངས་ལ་ཉེན་ཁ་བཟོ་གི་ཡོད། རྒྱ་གར་དང་བྷན་ལ་ཌེ་ཤི་ནང་ཆུ་ལོག་བྱུང་ཚད་མང་དུ་ཕྱིན་པ་དེ་ཤར་ལྷོའི་ས་ཁུལ་གྱི་ནགས་ཚལ་གཏོར་བརླག་དང་འབྲེལ་བ་ཡོད། དེར་བརྟེན་ཆུ་བོའི་ཆུ་ཚད་ཉུང་དུ་འགྲོ་བཞིན་པ་དེས་ཆུའི་ཐོན་ཁུངས་ཀྱི་གནད་དོན་དེ་འཛམ་གླིང་ཡོངས་ཀྱི་སེམས་ཁྲལ་ཞིག་ཡིན་པའི་ཆ་ནས་ཐག་གཅོད་བྱེད་དགོས་པའི་དགོས་མཁོ་གསལ་སྟོན་བྱེད་ཀྱི་ཡོད།
རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་ལ་ཧི་མ་ལ་ཡའི་རི་རྒྱུད་དུ་རྒྱ་ནག་གི་དྲག་ཆས་དམག་དཔུང་གཅིག་ཀྱང་འགྲེམས་འཇོག་བྱས་མྱོང་མེད། རྒྱ་ནག་དང་རྒྱ་གར་བར་གྱི་བར་གནས་བར་སྟོང་ཞིག་མེད་པར་གྱུར་བ་དེས་ད་ཆ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་ཚོའི་ནང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དྲ་རྒྱ་འཛུགས་སྐྲུན་བྱས་ཏེ་མཐའ་མཚམས་ས་ཁུལ་རྒྱ་གར་དང་། བོད་ནང་གི་མཁའ་ལམ་ཁག་གིས་འབྲེལ་བ། མཐའ་མཚམས་སུ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དང་། གངས་དཀར་ཏི་སི་བར་དུ་གནས་སྐོར་བྱེད་པར་བཀག་སྡོམ་བྱེད་པ། བོད་རྒྱ་གར་དང་དམག་འཁྲུག་འབྱུང་སྲིད་པའི་གནས་སྟངས་ཆགས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱ་གར་གཞུང་ལ་འབོད་སྐུལ་དོན་ཚན་གསུམ་ཞུས་འདུག
༡༽ ང་ཚོས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ནི་རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་རྒྱལ་རིང་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ཀྱི་གནད་དོན་ཐད་གླེང་མོལ་གནང་ནས་བོད་ཕྲུག་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
༢༽ རྒྱ་ནག་དམར་གཞུང་གི་བོད་ནང་དུ་འཕེལ་རྒྱས་ལས་གཞི་ཁག་ཅིག་གིས་བོད་ཀྱི་ཉམས་ཞན་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་ཡོད། དེ་ལྟར་ལ་རྒྱ་ནག་གི་འགོ་ཁྲིད་ལྷན་གནོད་འཚེ་སེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
༣༽ རྒྱ་ནག་དམར་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་ཛ་དྲག་གི་ཐབས་ཤེས་བཏོན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག