ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༤ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་ནས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་ཞིག་འགོ་འཛུགས་གནང་འདུག སྐབས་དེར། ཁོང་ཚོས་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་མུས་ཀྱི་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག ཟླ་རྗེས་པའི་ཚེས་གཅིག་ལ་ལྡི་ལིར་སླེབས་ཀྱིས་ཡོད་པ་དང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ཕྱི་ལོ་༢༠༢༤ ཟླ་ ༡༠ ཚེས་༡ ཉིན་དགྲ་བོ་རྒྱ་དམར་སྲིད་གཞུང་འགོ་བཙུགས་ཏེ་ལོ་ངོ་ཧྲིལ་པོ་ ༧༥ འཁོར་བའི་དུས་ཆེན་སྲུང་བརྩི་ལ་ངོ་རྒོལ་བྱ་རྒྱུ་ཡིན་འདུག
དེ་ཡང་། གོང་ཚེས་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་ནས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་ཞིག་འགོ་འཛུགས་གནང་ཅིང་། ལས་འགུལ་འདིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཕྱོགས་ཁུལ་གྱི་ས་གནས་གཞོན་ནུའི་དྭང་བླངས་ལས་འགུལ་བ་གྲངས་༥༠ ཙམ་འཛུལ་ཞུགས་གནང་ཡོད་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ནང་དུ། ད་ལྟའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་དང༌། མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འདྲ་མིན་ཞིག་ལག་བསྟར་བྱེད་མུས་ཀྱིས་བོད་ཕྲུག་རྣམས་བཙན་གྱིས་གཏན་འཇགས་སློབ་གྲྭའི་ནང་བཙན་འཇུག་བྱེད་པ་དང་། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་མཁན་གྱི་དགེ་རྒན་དང་། ཤེས་ཡོན་པ་རྣམས་ལ་མ་ཉེས་ཁག་གཡོག་གིས་ཉེས་མིང་སྣ་ཚོགས་བཏགས་ཏེ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་ཐོག་སྒེར་གྱི་སློབ་གྲྭ་རྣམས་བཙན་གྱི་སྒོ་རྒྱབ་བཞིན་པའི་ཛ་དྲག་གི་གནས་སྟངས།
གཞན་ཡང་ཉེ་བའི་ཆར་མདོ་སྨད་རྔ་པ་ཀིརྟི་དགོན་གཙོས་དགོན་སྡེ་ཁག་གསུམ་ནས་གྲྭ་བཙུན་གྲངས་༡༥༠༠ ཙམ་དགོན་པ་ནས་ཕྱིར་ཕུད་ཀྱིས་གཏན་འཇགས་སློབ་གྲྭའི་ནང་བཙན་འཇུག་བྱེད་བཞིན་ཡོད་མུས་ཀྱི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་སྲིད་གཞུང་དང་། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཐུགས་སྣང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུས་གཙོས། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་མུས་ཀྱི་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན།
སྤྱིར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་བཙན་བཟུང་བྱས་པ་ནས་བཟུང་འཛུགས་སྐྲུན་གྱི་ལས་གཞི་འདྲ་མིན་ལ་ཁ་གཡར་ཏེ། བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་འདྲ་མིན་ནས་གཏེར་ཁ་སྔོག་འདོན་བྱས་ཏེ་རི་ཆུ་ནགས་གསུམ་གྱི་རང་བྱུང་བརྟན་ལྷིང་ལ་དོ་ཕོག་ཚབས་ཆེན་བཟོས་པ་དང་། ལོ་རྒྱུས་རང་བཞིན་གྱི་རྩ་ཆེའི་གནས་རི་དང་དགོན་པ་སོགས་རྩ་གཏོར་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལྟའི་ཆར་འབྲི་ཆུའི་བཞུར་རྒྱུན་ལའང་ཆུ་རགས་གསར་རྒྱག་གི་ལས་གཞི་འདྲ་མིན་ཞིག་ལག་བསྟར་བྱེད་མུས་ཡིན། ལས་གཞི་དེའི་རིགས་ཀྱིས་བོད་མིའི་འཚོ་གནས་ལ་ཉེན་ཁ་སྤྲད་པ་ཙམ་མ་ཡིན་པར། འབྲི་ཆུའི་བཞུར་རྒྱུན་ལ་འཚོ་གནས་བྱེད་བཞིན་པའི་རྒྱལ་ཁབ་གཞན་ལ་ཡང་ཉེན་ཁ་གཅིག་མཚུངས་སྤྲད་དང་འཕྲད་ངེས་ཡིན་པས་འབྲེལ་ཡོད་རྒྱལ་ཁབ་གཞན་ཚོའི་ངོས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་ཡོང་རྒྱུར་རེ་བ་ཞུ་བཞིན་ཡོད། དེ་བཞིན་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་ལམ་ལྷོངས་ཡོང་སླད་དང་། ས་མཚམས་བརྟན་ལྷིང་ལ་དམིགས་ཏེ་ཧིན་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་གང་མང་ཞིག་འགྲོ་བཞིན་ཡོད་པ་དང་། ལས་གཞི་དེའི་རིགས་ཀྱིས་རྒྱ་གར་གྱི་བདེ་འཇགས་ལ་ཡང་ཉེན་ཁ་བཟོ་བཞིན་ཡོད་པས་རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་དགྲ་བོ་རྒྱ་དམར་སྲིད་གཞུང་གི་བྱ་སྤྱོད་དེ་རིགས་ལ་དོ་སྣང་ཡིད་གཟབ་ནན་པོ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ལན་གྱི་རྐང་འཁོར་སྐོར་སྐྱོད་འདི་བརྒྱུད་ནས་ཉེ་བའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གཙོས་སྒེར་བཙུག་སློབ་གྲྭ་མང་པོ་ཞིག་བཙན་གྱིས་སྒོ་རྒྱབ་བཞིན་ཡོད་པར་ངོ་རྒོལ་སྐྱོན་བརྗོད་ནན་པོ་བྱ་རྒྱུ་དང་། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་རིགས་མགྱོགས་ནས་མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་འདོན་རྒྱུ་མ་ཟད། རང་དབང་དང་མང་གཙོ་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་དམར་སྲིད་གཞུང་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་དང་། གནོན་ཤུགས་ངེས་པར་སྤྲད་གནང་ཡོང་བའི་ནན་སྐུལ་ཡང་ཞུ་རྒྱུ་ཡིན། གཞན་ཡང་རྐང་འཁོར་སྐོར་སྐྱོད་གྲུབ་མཚམས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་གཙོས་འབྲེལ་ཡོད་སྡེ་ཚན་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་སྙན་ཞིག་ཀྱང་འབུལ་རྒྱུ་ཡིན། ཞེས་བཀོད་འདུག
ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་དམིགས་ཡུལ་དང་དགོས་འདུན་ཁག་ནི། ༡༽ དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་མྱུར་དུ་འཇོག་དགོས། ༢༽ དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ནང་མི་སྤྱོད་ལས་འདས་པའི་བྱ་ངན་སྣ་ཚོགས་སྤེལ་མུས་ཡིན་སྤྱིའི་སྤྱི་ཚོགས་ནས་དུས་མཚམས་ཀྱི་གནོན་ཤུགས་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ༣༽ རྒྱ་གར་གཞུང་དམངས་གཉིས་ནས་རྒྱ་གར་གྱི་བདེ་འཇགས་དང་ཞི་བདེ་སོགས་ལ་དམིགས་ཏེ་བོད་རང་བཙན་གྱི་བདེན་པའི་གནས་བབ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག