ཕྱི་ལོ་༢༠༢༤ ཟླ ༧ ཚེས་༡༧ ཉིན། བཞུགས་སྒར་རྡ་ས་མེག་གྷན་ཁྲོམ་གཞུང་དུ། གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་རྒྱ་གཞུང་གིས་བཙན་གྱིས་སྒོ་བརྒྱབས་པར། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱད་ཀྱི་གོ་སྒྲིག་འོག རྡ་ས་ཁུལ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་དགོང་དྲོ་ཆུ་ཚོད་༦་པའི་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། མདོ་སྟོད་ཆོལ་ཁ་དང་མདོ་སྨད་ཆོལ་ཁ དབུས་གཙང་ཆོལ་ཁ་གསུམ་གྱི་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་ས་མེག་གྷན་ཁྲོམ་གཞུང་དུ། གོང་གི་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་མི། དེ་བཞིན་རྡ་ས་ཁུལ་གྱི་སེར་སྐྱ་མི་མང་བརྒྱ་ཙམ་མཉམ་ཞུགས་གནང་ནས་ཁྲོམ་གཞུང་ལ་བོད་མི་ཚོས་ལག་ཏུ་བོད་ཀྱི་གངས་སེང་གི་རྒྱལ་དར་དང་། བོད་པའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་འཕྲད་དར་དང་། རྒྱ་གཞུང་གིས་བཙན་གྱིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་སྒོ་བརྒྱབས་པར་ངོ་རྒོལ་དང་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་ཅེས་པའི་འཕྲད་དར་འཁྱེར་ནས་སྐོར་བ་ཐེངས་གསུམ་བརྒྱབས་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་། དེའི་རྗེས། གཙུག་ལག་ཁང་གི་འགྲམ་གྱི་རླུང་འཁོར་བཞག་ཡུལ་སུ་བྱེད་སྒོ་འགོ་འཛུགས་གནང་སོང་།
བྱེད་སྒོའི་ཐོག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོ་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ནི་ཉེ་ཆར་རྒྱ་དམར་གཞུང་གིས་བོད་མདོ་སྨད་རྭ་རྒྱ་ཡུལ་གྱི་རྭ་རྒྱ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་བཙན་གྱིས་སྒོ་བརྒྱབས་པར་ང་ཚོས་རྒྱ་གཞུང་ལ་ངོ་རྒོལ་དང་དེ་བཞིན་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་དུ་ལས་འགུལ་འདི་སྤེལ་བ་ཡོད་སྐོར་བརྗོད་སོང་།
དེ་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་བོད་ཡིག་ཐོག་ནས་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱད་ཀྱི་བསྒྲགས་གཏམ་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ཀྱིས་དབྱིན་ཇིའི་ཐོག་ནས་བསྒྲགས་གཏམ་དེ་ཀློག་སོང་།
བསྒྲགས་གཏམ་དེའི་ནང་དུ་འཁོད་དོན། ཕྱི་ལོ་ ༡༩༥༩ལོ་ནས་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་པ་ནས་བཟུང་བོད་མི་རིགས་རྩ་མེད་བཟོ་ཆེད་གདན་ས་སེ་འབྲས་དགེ་གསུམ་གཙོས་བོད་ཁུལ་གྱི་དགོན་སྡེ་ཁག་གི་དགེ་བཤེས་མཁན་པོ་དང༌། གྲྭ་བཙུན་སློབ་གཉེར་བ། སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་མཁན་གྱི་ཤེས་ཡོན་པ། བོད་མི་རིགས་ལ་དུང་ཞེན་ཡོད་པའི་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱི་མི་སེར་དཀྱུས་མ་བཅས་ལ་མ་ཉེས་ཁག་གཡོག་གིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་དམྱལ་བ་མི་ཡུལ་དུའཕོས་པ་ལྟ་བུའི་གསོད་རྡུང་ཚད་ལས་བརྒལ་བ་བཏང་བ་མ་ཟད། བོད་ཀྱི་ཤེས་ཡོན་གྱི་བལྟི་གནས་དགོན་སྡེ་ཁག་དང༌། སློབ་གྲྭ་ཁག་སྒོ་རྒྱབ་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཀྱང་གཞིས་བཞུགས་བོད་མི་རྣམས་ཀྱི་སེམས་ཤུགས་དང་། ལྷག་བསམ། སྙིང་སྟོབས་བཅས་པ་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཏེ་བོད་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད། ཅེས་དང་།
བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཕྱི་ལོ་༡༩༩༤ ལོར་སྲིད་གཞུང་གི་ཆོག་མཆན་འོག་བཙུགས་པའི་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་དེ། རྒྱ་ནག་དམར་གཞུང་གིས་བཙན་གྱིས་་ཕྱི་ལོ་༢༠༢༤ ཟླ་ ༠༧ ཚེས་ ༡༢ ཉིན་སྒོ་རྒྱག་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་སོགས་ནི། བོད་མི་རིགས་ཀྱི་སློབ་གསོ་དང་། རིག་གནས། སེམས་ཁམས། འདུ་ཤེས་སོགས་སྐྱེད་སྲིང་བྱེད་སའི་ཁོར་ཡུག་དང་བཅས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་སྲིད་བྱུས་ངན་པ་ཞིག་སྒྲུབ་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་དང༌།
དེ་རིང་སྟེ་རྒྱལ་སྤྱིའི་དྲང་བདེན་ཉིན་མོར་ (Internationl Justice Day) རྒྱ་ནག་དམར་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དྲང་བདེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དང༌། རྒྱ་ནག་དམར་གཞུང་གིས་ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དང༌། བོད་ནང་ལག་བསྟར་བྱེད་མུས་ཀྱི་བྱ་ངན་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་ནན་སྐུལ་བྱེད་རྒྱུ་ཡིན། ཞེས་སོགས་བཀོད་འདུག
ཕྱི་ལོ་༢༠༢༤ ཟླ་ ༧ ཚེས་༡༤ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་རྒྱ་གཞུང་གིས་བཙན་གྱིས་སྒོ་རྒྱག་བཅུག་འདུག དེ་ཡང་། ཕྱི་ལོ་༢༠༢༤ ཟླ་ ༧ ཚེས་༡༤ ཉིན། སློབ་གྲྭ་དེའི་དགེ་རྒན་གྱེ་ལིང་འཇིགས་མེད་ལགས་ཀྱིས་གསལ་བསྒྲགས་སྤེལ་དོན། མདང་དགོང་ནས་དེ་རིང་བར་ཐག་ཉེ་རིང་ནས་ཁ་པར་ཡོང་མཁན་དང་སྐད་འཕྲིན་ཡོང་མཁན་ཧ་ཅང་མང་ལ། ཁ་པར་མང་བོ་ཞིག་བླངས་ན་སྐད་ཤུགས་ཆེན་པོས་ངུ་ཡོང་བ་དང་། སློབ་གླིང་ལ་གནས་ཚུལ་ཅི་ཞིག་བྱུང་བ་རེད་ཟེར་ནས་འདྲི་བ་སོགས་སྣ་ཚོགས་བྱུང་བ་བཞིན། སློབ་གླིང་གི་དགེ་བའི་བཤེས་གཉེན་རྣམ་པ་དང་དགེ་གྲོགས་གཞན་དག་ལའང་མདང་ནུབ་གཉིད་དུ་མ་བཅུག་ཐལ་ཟེར་མཁན་མང་བོ་འདུག དོན་དངོས་ནི་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྲུབ་བཞིན་པའི་མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་འདི་མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་ཡིག་ཆའི་དགོངས་པ་ལྟར་ད་ནས་བཟུང་སྒྲུབ་མཚམས་བཞག་པ་རེད། ཚེས་བཅུ་གཉིས་ཉིན་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དགེ་སློབ་ཡོངས་ལ་གནས་ཚུལ་འདི་གསལ་བཤད་གནང་བ་ནས་ད་ལྟའི་བར་དགེ་སློབ་ཚང་མའི་ཡིད་སེམས་བློང་བློང་བོར་གྱུར་ཅིང་། སློབ་མ་ཚོར་གང་ནས་འཕྲད་ཀྱང་མཆི་མ་འབྱིན་པའི་སྣང་ཚུལ་མང་བོ་མཐོང་། ཁོང་གིས་གསུང་རྒྱུར། ང་ཚོས་ད་ལྟའི་བར་རྒྱལ་ཁབ་སྤྱིའི་ཁ་ཕྱོགས་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་སོགས་ལ་བསྟུན་ནས་ཡོང་བ་ཡིན་ལ། མ་འོང་བ་ནའང་ལམ་ཕྱོགས་དེ་ཁོ་ན་ལྟར་འགྲོ་དགོས་ཚུལ་དང་། སློབ་མ་ཚོས་ཀྱང་རང་རང་གི་མི་ཚེའི་དམིགས་ཡུལ་མ་བོར་བར་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་བྱ་རྒྱུ་དང་། གོ་སྐབས་གང་ཡོད་འཆོར་དུ་མ་བཅུག་པར་དམ་འཛིན་གནང་དགོས་ཚུལ་སོགས་བསླབ་བྱ་མང་བོ་གནང་སོང་། དེ་རིང་ང་ཚོས་སློབ་མ་ཚང་མར་མཐའ་མཇུག་གི་སྐྱེལ་མ་ཞུས་པ་ཡིན། གདོང་ཡོངས་མཆི་མས་སྦངས་ཤིང་། ངུ་སྐད་དི་རི་རི་འབྱིན་པའི་སློབ་མ་དག་གི་ངང་ཚུལ་དེ་མཐོང་ན་སེམས་ལ་བཟོད་གླགས་བྲལ་བའི་ཟུག་གཟེར་སྐྱེ་ཡོང་མོད། ཐམས་ཅད་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་འབའ་ཞིག་ལས་བྱུང་བ་ཡིན་པས་བཟློག་ཐབས་བྲལ། འདུས་བྱས་ཀྱི་ཆོས་ཉིད་སེམས་ལ་འཛིན་རོགས་ཟེར་རྒྱུ་ལས་གཞན་པའི་སྐད་ཆའང་མི་འདུག མདོར་ན་གནས་ཚུལ་ནི་དེ་བཞིན་ཡིན་པས། ད་ནི་ངེད་ཅག་མི་སྒེར་ལ་འདིའི་སྐོར་ནས་སྐད་ཆ་མ་འདྲི་རོགས། ཉིན་འདི་དག་ལ་དངོས་གནས་སྐད་ཆ་ཅི་ཡང་བཤད་མི་འདོད། གནས་ཚུལ་ཞིབ་ཕྲ་རྣམས་རྗེས་སོར་ག་ལེར་ཤེས་ཡོང་ངེས། ཞེས་བཀོད་འདུག