03
ལྷག, བཅིུས།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ ༦ ཚེས་༧ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག །བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་བཅས་ནས། བཀའ་ཟུར་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་དབྱིན་ཡིག་ནང་བརྩམས་གནང་བའི་<ངའི་མི་ཚེ། བོད་ཡུལ་རང་དབང་ལུང་པར་སྐྱེས། བཙན་བྱོལ་ཡུལ་དུ་སྲི་ཞུ་བསྒྲུབས>ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

དེ་ཡང་། བཀའ་བློན་ཟུར་པ་དང་། གཞུང་ཞབས་ཟུར་པ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཁག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་དང་ལས་བྱེད། དེ་བཞིན་དོན་གཉེར་བ་སོགས་བཀའ་ཟུར་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་དབྱིན་ཡིག་ནང་བརྩམས་གནང་བའི་<ངའི་མི་ཚེ། བོད་ཡུལ་རང་དབང་ལུང་པར་སྐྱེས། བཙན་བྱོལ་ཡུལ་དུ་སྲི་ཞུ་བསྒྲུབས>ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་འདུག

ཐོག་མར། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་དཔེ་དེབ་དཔར་བསྐྲུན་ཞུ་དགོས་པའི་དགོས་དམིགས་དང་། མི་རབས་རྒན་པ་རྣམས་ཀྱིས་ལོ་རྒྱུས་ནི་མི་རབས་གཞོན་པ་རྣམས་ལ་གལ་ཆེན་པོ་ག་ཚོད་ཆགས་ཡོད་མེད་སྐོར། མི་རབས་རྒན་པ་རྣམས་ཀྱི་ལོ་རྒྱུས་ལས་གཞོན་སྐྱེས་རྣམས་ཀྱིས་བསླབ་བྱ་ལེན་དགོས་སྐོར་གསུངས་སོང་།

དེ་ནས་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་རང་ཉིད་ཀྱི་དཔེ་དེབ་འབྲི་དགོས་པའི་དམིགས་ཡུལ་སྐོར་ནས་གསུང་དོན། དམིགས་ཡུལ་དང་པོ་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་ཞབས་རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བོད་སྐོར་དཔེ་དེབ་འབྲི་དགོས་པའི་ཐོག་བཀའ་མངགས་ཡོད་པར་བརྟེན། རང་ཉིད་ཀྱིས་གང་དྲན་པ་རྣམས་ཡིག་ཐོག་ལ་ཕབས་པ་ཡིན། དམིགས་ཡུལ་གཉིས་པ་ནི་རང་ཉིད་ཀྱི་བུ་གཉིས་ཀྱི་ཆེད་དུ་བྲིས་པ་ཡིན། གང་ཡིན་ཟེར་ན་རང་ཉིད་ཕ་ཞིག་ཡིན་ཀྱང་ཁོ་གཉིས་ཀྱི་མཉམ་དུ་དུས་ཚོད་མང་པོ་བཏང་ཐུབ་མེད། དེར་བརྟེན། དཔེ་དེབ་འདི་བརྒྱུད་ནས་ཁོ་གཉིས་ཀྱི་ཆུང་དུས་སྐབས་ཀྱི་འཚོ་བ་དང་ཨ་མ། དེ་བཞིན་ཨ་ཕ་ཡིས་ལས་དོན་གང་ཞིག་བསྒྲུབས་ཡོད་མེད་སྐོར་དྲན་གསོ་ཞིག་ཐེབས་ན་བསམས་ཡོད། ཅེས་གསུངས་སོང་།

དེའི་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་དོན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་ཐོག་མར་རྒན་དྲུང་གནས་རིམ་ཐོག་སྐད་བསྒྱུར་གྱི་སྲི་ཞུ་ཞུས་པ་དང་། དེ་ནས་ཐེག་པ་རིམ་འཛིགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཁག་གི་བཀའ་བློན་གནང་སྟེ་བོད་དོན་ཆེད་ཕྱག་ལས་རྒྱ་ཆེ་གནང་ཡོད་པའི་སྐོར་དང་། སྐུ་ངོ་མཆོག་གིས་གཞུང་དོན་ཕྱག་ལས་གནང་བའི་སྐབས་སྐུ་ཟླ་བདེ་སྐྱིད་ལགས་ཀྱིས་གཙོས་པའི་ཁོང་གི་ཁྱིམ་ཚང་ནས་ཀྱང་དེ་མཚུངས་བློས་གཏོང་ཆེན་པོ་གནང་བའི་སྐོར་གསུངས་པ་དང་། དེ་བཞིན་མི་རབས་གཞོན་པ་ཚོས་ཁོང་གི་བྲིས་གནང་བའི་ཕྱག་དེབ་འདི་རྒྱུས་ལོན་བྱས་ནས་བོད་མིའི་འཐབ་རྩོད་ཐོག་སོ་སོའི་ནུས་པར་དཔག་པའི་བློས་གཏོང་ཐུབ་པའི་བློ་སྤོབས་རྙེད་ཐུབ་པ་ཞིག་དང་། བོད་ཀྱི་ཉག་ཕྲ་བའི་དུས་ཚོད་འདིར་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་བོད་ཀྱི་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས། མང་གཙོ་བཅས་སྲ་བརྟན་ཡོང་ཐབས་གནང་དགོས་སྐོར་སོགས་གསུངས་གནང་སོང་།

མཐའ་མར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དང་ཐོག་མར་འབྲེལ་བ་བྱུང་ཚུལ་དང་། ཁོང་གིས་ལོ་ངོ་བཅུ་ཕྲག་བཞི་ལྷག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཐེག་པ་རིམ་འཛེགས་ཀྱིས་ལྷན་ཁང་དྲུག་གི་བཀའ་བློན་དང་། སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་རིམ་པ་བཞེས་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་འབྲེལ། དེང་རབས་བོད་མི་གཞོན་སྐྱེས་རྣམས་ནས་བོད་བསྟན་སྲིད་མི་རིགས་ཆགས་འཇིག་གི་དུས་སྐབས་ཉག་ཕྲ་བའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་སྲི་ཞུ་བ་རྒན་རབས་རྣམས་ནས་སྐུ་ལས་ཇི་སྐྱོན་དང་། བློས་གཏོང་ཆེན་པོ་གནང་བའི་མཛད་རྗེས་རྣམས་ཤེས་རྟོགས་ཀྱིས་སེམས་འགུལ་ཐེབས་པ་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་།