ཕྱི་ལོ་༢༠༢༣ ཟླ་ ༨ ཚེས་ ༣༠ ཉིན། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱངས་ཚུལ་དང་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་བཙོན་པ་རྣམས་ལ་མནར་གཅོད་ཚད་མེད་གཏོང་གི་ཡོད་སྐོར་སོགས་ཀྱི་སྐོར་གཏམ་བཤད་གནང་ནས། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་རྒྱལ་སྤྱིའི་ཉིན་མོ་དུས་དྲན་སྲུང་བརྩི་ཞུསའདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་རྒྱལ་སྤྱིའི་ཉིན་མོ་དུས་དྲན་སྲུང་བརྩི་ཞུས་སོང་། ཉིན་མོ་འདི་དང་འབྲེལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་བཅས་ནས་རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱངས་ཚུལ་དང་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་བཙོན་པ་རྣམས་ལ་མནར་གཅོད་ཚད་མེད་གཏོང་གི་ཡོད་སྐོར་སོགས་ཀྱི་སྐོར་གཏམ་བཤད་དང་།
བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས་ཁྲིམས་སྒྲིག་ལམ་ནས་ཆབ་སྲིད་བཙོན་པ་ཇི་ལྟར་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་སོང་། འོན་ཀྱང་། རྒྱ་གཞུང་གི་བཙོན་ཁང་དུ་ཁྲིམས་མེད་ལུགས་མེད་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་སྐོར་བརྗོད་སོང་། དུས་དྲན་སྲུང་བརྩིའི་བྱེད་སྒོའི་ནང་དུ་་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་སྐུ་ཚབ། ས་རཱ་དང་ནོར་གླིང་མཐོ་སློབ་ཀྱི་སློབ་ཕྲུག་ཁག་ཅིག ཉན་ཞིབ་བྱེད་མཁན་གཞན་ཁག་ཅིག་ཕེབས་གནང་འདུག
ཐོག་མར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་དོན། རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་མི་བརྒྱ་ཕྲག་མང་པོ་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་ཅིང་། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བར་བྱེད་པའི་སྦྱོར་བ་དེ་ཉིད་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་དུ་སླེབས་པ་ནས་བཟུང་གཞི་རྒྱ་ཇེ་ཆེ་རུ་སོང་་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་མི་སྣ་ཁག་ནས་རྒྱ་ནག་གཞུང་གིས་ངེས་པར་དུ་མི་ཐམས་ཅད་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལ་མཚན་བཀོད་ལག་བསྟར་བྱས་ཏེ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་མ་ཟད། སྔ་གཞུག་བར་གསུམ་དུ་བོད་མི་མང་པོ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སུ་ལྷུང་བར་སེམས་འཚབ་ཀྱིས་རྒྱ་གཞུང་ལ་དོགས་འདྲི་ཡང་སྲིད་གནང་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
དེའི་རྗེས། ལྟེ་གནས་ཁང་ནས་རྒྱ་ནག་གཞུང་གིས་གསང་ཞིབ་ས་ཚུགས་སོགས་ཀྱི་ནང་དུ་བོད་མི་ཧ་ཅང་མང་པོ་བཙན་དབང་འོག་གསང་བའི་བཀག་ཉར་བྱས་ཏེ་ཁྲིམས་བཤེར་གྱི་ཐོབ་ཐང་རྩ་ནས་རག་གི་མེད་པ་དང་མ་ཟད། ནང་མི་ལ་འབྲེལ་བ་བྱེད་མ་བཅུག་པ་དང་། ནང་མི་ཐུག་འཕྲད་བྱེད་བཅུག་གི་མེད་པ། དེ་བཞིན་མནར་གཅོད་དྲག་པོ་གཏོང་གི་ཡོད་པ་སོགས་བཙོན་པ་ཁག་ཅིག་གི་ལོ་རྒྱུས་བདེན་དཔང་དུ་བགྲངས་ནས་བརྙན་ཐུང་བཟོས་ནས་འགྲེམས་སྤེལ་བྱས་སོང་།
དུས་དྲན་སྲུང་བརྩིའི་གཏམ་བཤད་ལས་རིམ་གྱི་གཙོ་སྐྱོང་བ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་ངོ་སྤྲོད་གནང་རྗེས། ཐོག་མར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་ཀྱིས་གཏམ་བཤད་གནང་དོན། ཕྱི་ལོ་ ༡༩༩༣ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་སོང་། སྐབས་དེར་བཙོན་པ་རྣམས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་མང་པོ་བྱུང་ཡོད་པ་དང། རྒྱ་ནག་གི་རྩ་ཁྲིམས་སོགས་སུ་བཀག་ཉར་འོག་མིའི་ཅ་དངོས་གང་བྱུང་གཞུང་བཞེས་གཏོང་མི་ཆོག་པ་སོགས་ཀྱི་དོན་ཚན་གསལ་པོ་ཡོད་ན་ཡང་། ཁྲིམས་ཡིག་དང་དངོས་གཞིའི་ལག་བསྟར་གཉིས་ནི་ཡོངས་སུ་འགལ་བར་གྱུར་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
དེ་ནས། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས་བརྗོད་དོན། རྒྱའི་བཙན་འོག་ནས་བོད་དུ་མི་རབས་གསུམ་གྱིས་ཞི་རྒོལ་གནང་ཡོད། དང་པོ་ནི། ཕྱི་ལོ་༡༩༥༩ ལོའི་ཞི་བའི་སྒེར་ལངས་གནང་མཁན་ཚོ་ནི་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་པའི་སྔ་རོལ་དུ་སྐྱེས་པའི་མི་རབས་ཆགས་ཡོད་ཅིང་། གཉིས་པ་ནི། ཕྱི་ལོ་༡༩༧༨ ལོ་ནས་འགོ་བཙུགས་པའི་ཞི་རྒོལ་ནི་རྒྱའི་བཙན་འོག་ནས་སྐྱེས་པའི་བོད་ཀྱི་མི་རབས་གསར་པའི་ཞི་རྒོལ་ཡིན། གསུམ་པ་ནི། ཕྱི་ལོ་༢༠༠༨ ལོ་ཡི་ས་བྱིའི་ཞི་བའི་ངོ་རྒོལ་དེ་ཡང་མི་རབས་གསར་པའི་རྒྱུན་མཐུད་ཞི་རྒོལ་རེད། ཅེས་བརྗོད་ནས་མི་རབས་གསར་པ་རྣམས་ཀྱིས་མུ་མཐུད་ནས་བོད་ཀྱི་འཐབ་རྩོད་རྒྱུད་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་སོང་། དེ་ནས་ཁོང་རང་ཉིད་བཙོན་ཁང་དུ་འདྲི་རྩད་བྱེད་སྐབས་རང་ཉིད་ནང་མི་དང་དགེ་རྒན། སློབ་གྲོགས་བཅས་ཀྱི་སྐོར་འདྲིས་ནས་སེམས་ལ་མནར་གཅོད་ཡང་ཡང་བཏང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
དེའི་རྗེས། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བརྗོད་དོན། ཕྱི་ལོ་ ༡༩༩༦ ལོར་ང་རང་རྒྱ་གཞུང་ཉེན་རྟོག་པ་ཡིས་རྐུན་ཇག་གི་བྱེད་སྟངས་ལྟར་བྱས་ནས་འཇུ་བཟུང་བཙན་ཁྲིད་བྱས་རྗེས་བཀག་ཉར་བྱས་ནས་མནར་གཅོད་ཚད་མེད་བཏང་བྱུང་། ཁོང་འཛིན་བཟུང་བཙན་ཁྲིད་བྱས་པར་ཟླ་བ་གསུམ་གྱི་རིང་དགོན་པ་དང་། ནང་མི་གཉེན་འབྲེལ་སུས་ཀྱང་ཤེས་རྟོགས་ཐུབ་མེད་པ་དང་། འདྲི་རྩད་བྱེད་སྐབས་ཉེས་པ་གང་བསགས་ཡོད་པ་དེ་་རང་ངོས་ནས་ངོ་ལེན་བྱ་དགོས་ཟེར་ནས་གློག་དབྱུག་གིས་གཞུ་བ་དང་། ལག་པར་གློག་བརྒྱབས་ནས་མཛུལ་མོ་སྔོན་པོ་ཆགས་པ། ཉིན་རྟག་རྐུབ་ལ་གློག་དང་རྒྱུགས་པ་གཞུས་ནས་རུས་པ་དང་ཤ་ཁ་ཁ་ཆགས་པའི་ཚོར་བ་སླེབས་ཀྱི་འདུག ང་ལ་ནག་ཉེས་གང་ཡང་མེད་ཀྱས་ནག་ཉེས་ངོ་ལེན་དགོས་ཟེར་ནས་མནར་གཅོད་བཟོད་ཐབས་དཀའ་བའི་གནས་སྟངས་ལྷུང་སོང་། བཙོན་ཁང་དུ་རང་སྲོག་གཅོད་པའི་གོ་སྐབས་མི་འདུག་མ་གཏོགས་རང་སྲིད་གཅོད་རྒྱུའི་ཐེ་འཚམ་མི་འདུག ཅེས་འགྲེལ་བརྗོད་གནང་ནས་རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་མི་ཆོས་ལས་འདས་པའི་མནར་གཅོད་བཏང་དང་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
མཐའ་མར། བོད་གནས་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་ཀྱིས་གཏམ་བཤད་སྤེལ་དོན། སྤྱིར་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལས་འཕྲོས་པའི་རྒྱལ་སྤྱིའི་སྤྱི་ཆིངས་མི་ཉུང་བ་ཞིག་ལག་བསྟར་བྱ་རྒྱའི་ཁས་ལེན་བྱས་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་སོགས་སུའང་བཙོན་པའི་ཐོབ་ཐང་དང་ཁྲིམས་ཐོག་ནས་ཚུལ་བཞིན་འཛིན་བཟུང་དང་བཀག་ཉར་བྱེད་སྟངས་ཀྱི་རིམ་པ་གསལ་པོ་ཡིག་ཐོག་ཏུ་བཀོད་ཡོད་ཀྱང། ཡིག་ཆའི་ཐོག་ཏུ་བཀོད་པ་ཙམ་མ་ལས་རྒྱ་གཞུང་གི་རྒྱལ་ཁབ་བདེ་འཇགས་གསང་བའི་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་ཡིས་གང་འདོད་ལྟར་མནར་གཅོད་བཏང་ནས་ཐོབ་ཐང་དེ་དག་ཅི་ཡང་སྤྲོད་ཀྱི་མེད། རྒྱ་གཞུང་གི་གསང་བ་ལས་ཁུངས་ཀྱིས་བཙན་ཁྲིད་བྱས་ན་བོད་མི་རྣམས་གར་སོང་ཆ་མེད་གྱུར་ཡོད། བོད་མི་སུ་ཞིག་གིས་ཀྱང་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་གང་བྱེད་ཡང་ཉེས་མེད་ཉེས་འཛུགས་བྱས་ནས་ཉེས་མིང་ལ་ “རྒྱལ་ཁབ་ཁ་བྲལ། རྒྱལ་ཁབ་གཏོར་གཤིག་”གཏོང་བའི་སོགས་བཏགས་ནས་ཁྲིམས་ཐག་བཅད་ལོ་ཚོད་འདྲ་མིན་བཅད་ཡོད། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ནི་གར་སོང་ཆ་མེད་དུ་གྱུར་བའི་དཔེ་མཚོན་རེད། ལེགས་ཉེས་དབྱེ་འབྱེད་མི་ཤེས་པའི་བྱིས་པ་ཞིག་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།