ཕྱི་ལོ་༢༠༢༣ཟླ་༨་ཚེས་༢༨ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་ནས་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་སར་ཞབས་སོར་བདེ་བར་འཁོད་སོང་། ༸གོང་ས་མཆོག་ལ་དྭགས་བཞུགས་རིང་ཁོང་གིས་དད་ལྡན་མི་མང་ཁྲི་ཕྲག་མང་པོར་བྱམས་བརྩེའི་གལ་ཆེན་རང་བཞིན་དང་སེམས་ཞི་བདེ། འཛམ་གླིང་ཞི་བདེ། འཕྲོད་བསྟེན། ཁོར་ཡུག་སྐོར་སོགས་གསུང་བཤད་གནང་ཡོད་འདུག
དེ་ཡང་། ཕྱི་ལོ་༢༠༢༣་ཟླ་༧ ཚེས་༡༡་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་གཅིག་དང་ཕྱེད་ཀར་བཞུགས་རྗེས། ཟླ་འདིའི་ཚེས་༢༥ ཉིན་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་༢༨ ཉིན་ལྡི་ལི་ནས་ཆིབས་བསྒྱུར་བསྐྱངས་ནས་བཞུགས་སྒར་རྡ་ས་ལ་ཞབས་སོར་བདེ་བར་འཁོད་སོང་། རྡ་ས་གཡས་གཡོན་གྱི་བོད་མི་གཙོས་པའི་སེར་སྐྱ་མི་མང་རྒན་གཞོན་ཀུན་གྱིས་ལག་ཏུ་ཁ་བཏགས་དང་། བདུག་སྤོས། མེ་ཏོག་བཅས་བཟུང་ནས། དགའ་དད་སྤྲོ་གསུམ་གྱིས་དགའ་བའི་འཛུམ་དང་བཅས་ལམ་འགྲམ་ནས་ཕྲེང་བསྒྲིགས་ཀྱིས་ཕེབས་བསུ་ཞུས་སོང་།
༸རྒྱལ་བ་རིན་པོ་ཆེ་ཡི་ལ་དྭགས་ཡུལ་གྱི་མཛད་འཕྲིན་ཐོག་མ་ནི་ཟླ་༧ ཚེས་༡༤ ཉིན་གླེ་ཇོ་ཁང་དུ་གནས་མཇལ་དང་། མི་མང་ལ་བཀའ་སློབ་སྩལ་ཞིང་། ཟླ་༧ ཚེས་༢༡ ནས་ཉིན་གྲངས་གསུམ་རིང་ཞི་བའི་ཚལ་གསུང་ཆོས་ར་བར་ཆོས་འབྲེལ་བཀའ་དྲིན་སྩལ་བར་ཉིན་དང་པོར་མི་གྲངས་༤༥༠༠༠ ལ་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དང། ཚེས་༢༣ ཉིན་ལ་དྭགས་པ་དང་བོད་རིགས། ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་ ༦༥༠༠༠ ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་། ཚེས་༢༤ ཉིན་མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་པར་མི་གྲངས་༥༠༠༠༠ བརྒལ་བར་བཀའ་སློབ་བཀའ་དྲིན་བསྩལ་འདུག།
ཟླ་༧ ཚེས་༢༦ ཉིན་ལ་དྭགས་བོད་ཁྱིམ་སློབ་གྲྭར་བོད་རིགས་གཙོས་དད་ལྡན་མི་གྲངས་༥༠༠༠ ལ་བཀའ་སློབ་དང་། ཟླ་༧ ཚེས་ ༣༡ ཉིན་ཏོག་ཡུལ་དུ་བཞེངས་པའི་སྟོན་པའི་སྐུ་བརྙན་ཆེན་མོར་མཆོད་མཇལ་དང་འབྲེལ་མི་མང་ ༥༠༠༠ ལ་བཀའ་སློབ། དེ་བཞིན་ཟླ་༨ ཚེས་ ༧ ཉིན་ལ་དྭགས་གླེ་ཡི་ལམ་སྒྲོན་སློབ་གྲྭར་མི་གྲངས་༡༥༠༠༠ བརྒལ་བར་ཆོས་འབྲེལ་དང་བཀའ་སློབ་སྩལ་བ་དང་། ཟླ་༨ ཚེས་ ༡༢ ཉིན་ལ་དྭགས་ཨེ་མམ་བྷར་གྷ་ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་གྱིས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་པར་འཇིག་རྟེན་ཞི་བདེ་དང་། ཆོས་ལུགས་མཐུན་འབྲེལ་གྱི་སྐོར་ལ་བཀའ་སློབ་སྩལ་ཡོད་ཅིང་། ཟླ་༨ ཚེས་ ༡༨ ཉིན་གཤམ་ཕྱོགས་སྡེ་ཁག་མཁར་རྩེ་རི་ལྗོངས་ལ་དྭགས་དབུས་གཞུང་མངའ་སྡེ་ལ་དྭགས་ནང་པའི་ཚོགས་འདུའི་ཡན་ལག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མཁར་རྩེ་རུ་ཆིབས་བསྒྱུར་གྱིས་ཕེབས་བསུའི་མཛད་སྒོར་མི་གྲངས་༡༥༠༠༠ བརྒལ་བར་བཀའ་སློབ་སྩལ་བ་དང་། ཟླ་༨ ཚེས་ ༡༩ ཉིན་མཁར་རྩེ་ཟེར་ཐང་གསུང་ཆོས་ར་བ་རུ་དད་ལྡན་ཆོས་ཞུ་བ་ ༢༥༠༠༠ བརྒལ་བར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་བ་སོགས་ལ་དྭགས་ཡུལ་གྱི་དད་ལྡན་སེར་སྐྱ་མི་མང་ལ་ཆོས་ཀྱི་བདུད་རྩི་ཚིམས་པར་བསྩལ་འདུག
གཞན་ཡང་། ཚོགས་སྡེ་ཁག་ལ་བཀའ་སློབ་དང་། ཁྱོན་ཉིན་གྲངས་༢༦ རིང་ལ་དྭགས་ཁུལ་གྱི་བོད་མི་དང་། ལ་དྭགས་པ། ཕྱི་རྒྱལ་བ། འབྲེལ་ཡོད་ལས་བྱེད་སོགས་ཁྱོན་མི་གྲངས་ ༡༢༧༠༦ ལ་མང་མཇལ་སྩལ་བའི་ཁྲོད་ལོ་གྲངས་ ༦༠ ཡན་གྱི་བགྲེས་སོང་གྲངས་ ༥༠༤༥ དང་། ནད་པ་དང་དབང་པོ་སྐྱོན་ཅན་ ༧༨༤ བོད་རིགས་དང་། ལ་དྭགས་ཡུལ་མི། ཕྱི་རྒྱལ་བ་སོགས་ ༦༨༩༠ བཅས་ལ་མང་མཇལ་སྩལ་ཏེ་འགྲོ་བ་སེམས་ཅན་གྱི་དོན་དུ་ངལ་བ་མེད་པར་ཐུགས་བརྩེ་བ་ཆེས་པོས་རྗེས་སུ་བཟུང་ཡོད་འདུག
ཡོངས་ཁུངས། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།