ཕྱི་ལོ་༢༠༢༤ ཟླ ༨ ཚེས་༧ ཉིན་སྤེལ། ཕྱི་ལོ་༢༠༢༤ ལོའི་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནང་དུ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནི་ད་ལྟའི་ཨ་རི་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལ་ཧེ་རི་སི་(Kamala Harris)དང་སྲིད་འཛིན་གཞོན་པ་འོས་མི་ནི་ད་ལྟར་མིན་ནེ་སོ་ཊ་(Minnesota )སྤྱི་ཁྱབ་བློན་ཆེན་ཊིམ་ཝལ་ཛི་(Tim Walz )་གཉིས་ཡིན་འདུག སྤྱི་མཐུན་ཚོགས་པ་སྲིད་འཛིན་འོས་མི་ནི་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་(Trump)དང་ཨ་རི་སྲིད་འཛིན་གཞོན་པ་འོས་མི་ནི་ད་ལྟའི་གྲོས་ཚོགས་གོང་མིའི་འཐུས་མི་ཇམ་སུ་ཌ་ཝི་ཝན་སི་(James David Vance) གཉིས་ཡིན་འདུག
དེ་ཡང་། ཟླ་འདིའི་ཚེས་༧ ཉིན། ལྕམ་སྐུ་ཀ་མ་ལ་ཧེ་རི་སི་མཆོག་གིས་ཁོང་མོའི་སྲིད་འཛིན་གཞོན་པ་འོས་མི་སྤྱི་ཁྱབ་བློན་ཆེན་ཊིམ་ཝལ་ཛི་(Tim Walz ) ཡིན་པ་གསལ་བསྒྲགས་སྤེལ་ཡོད་འདུག ཊིམ་ཝལ་ཛི་ནི་དེ་སྔོན་གྲོས་ཚོགས་འཐུས་མི་དང་། དགེ་རྒན། སློབ་སྟོན་པ། དམག་མི་ཟུར་པ། ད་ལྟར་མིན་ནེ་སོ་ཊའི་སྤྱི་ཁྱབ་བློན་ཆེན་ཐེངས་གཉིས་པ་དེ་གནང་བཞིན་ཡོད་འདུག ཁོང་ནི་ཕྱི་ལོ་༡༩༩༠་ལོར་རྒྱ་ནག་དང་བོད་ལ་ཕེབས་མྱོང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༥་ལོར་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་འོག་མའི་སྐུ་ཚབ་ཚོགས་པ་བོད་ལ་ཕེབས་སྐབས་ཀྱང་མཉམ་དུ་ཕེབས་ཡོད་འདུག དེའི་རྗེས། ཕྱི་ལོ་༢༠༡༦་ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག
སྤྱི་མཐུན་ཚོགས་པ་སྲིད་འཛིན་འོས་མི་ཌོ་ནལ་ཊོམ་ཕུ་ཡིས་ད་བར་ཁོང་གིས་འོས་བསྡུ་ཁྱབ་བསྒྲགས་ལས་འགུལ་སྤེལ་སྐབས། གལ་སྲིད་ཁོང་ཨ་རིའི་སྲིད་འཛིན་འོས་ཐོབ་སོང་ན་ཁོང་གིས་༢༠༡༦ལོར་ཐོག་མར་ཁས་ལེན་བྱས་པའི་ཨ་རི་དང་མེག་སི་ཀོའི་བར་གྱི་གྱང་འཛུགས་བསྐྲུན་དེ་མཇུག་སྒྲིལ་རྒྱུ་དང་། ཨ་རི་ནང་དུ་ཡིག་ཆ་མེད་པའི་མི་སྒེར་ཚང་མ་ཕྱིར་འབུད་གཏོང་རྒྱུ། ནང་འདྲེན་ཅ་དངོས་ཐོག་སྒོ་ཁྲལ་མང་བ་སྤེལ་རྒྱུ་དང་ཨ་རིའི་ནང་གི་གླ་ཆའི་ཐོག་ཁྲལ་ཉུང་རུ་གཏོང་རྒྱུ། གྲངས་འཛིན་དངུལ་ལོར་ཡང་ཡར་རྒྱས་གཏོང་རྒྱུ། ཨ་རིའི་ནུས་ཁུངས་ཐོན་ཚད་ཇེ་མཐོར་གཏོང་དགོས་སོགས་ཀྱི་འཆར་གཞི་ཁྱབ་བསྒྲགས་བྱེད་ཡོད་པ་རེད།
དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སྐུ་ཀ་མ་ལ་ཧེ་རི་སི་ལགས་ཀྱིས་འོས་བསྡུ་ཁྱབ་བསྒྲགས་ལས་འགུལ་སྤེལ་སྐབས། ཊོམ་ཕུའི་ལྡོག་ཕྱོགས་ཀྱི་གཏམ་བཤད་སྤེལ་བཞིན་ཡོད་ཅིང་། ཨ་རིའི་ནང་དུ་ཡོད་པའི་མི་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་། ལས་ཀ་བྱེད་མཁན་དང་འབྱོར་འབྲིང་རིམ་པའི་ཨ་རི་བ་རྣམས་ལ་ཡར་རྒྱས་གཏོང་རྒྱུ། མེ་མདའི་དྲག་ཤུགས་ལ་འཇིགས་སྣང་མེད་པར་འཚོ་བ་སྐྱེལ་ཐབས་བྱ་རྒྱུ། རིན་གོང་མཐོ་བའི་སྨན་བཅོས་ལྟ་སྐྱོང་ཐོབ་ཐུབ་སོགས་ཀྱི་སྐོར་གཏམ་བཤད་གནང་བཞིན་ཡོད་འདུག
ཕྱི་ལོ་༢༠༢༤་ལོའི་ཨ་རིའི་འོས་བསྡུ་དངོས་གཞི་ནི། ཕྱི་ཟླ་༡༡ ཚེས་༥ཉིན་ཡིན་ཞིང་། ཕྱི་ཟླ་༡༢ ཚེས་༡༡ ཉིན། དངོས་གཞི་འོས་བསྡུ་ལ་མངའ་སྡེ་སོ་སོ་ནས་མཐའ་མའི་འོས་ལྡུག་སྐུ་ཚབ་རྣམས་འདེམ་གྱི་ཡོད་ཅིང་། ཕྱི་ཟླ་༡༢ ཚེས་༡༧ ཉིན། མངའ་སྡེ་ཁག་གི་མཐའ་མའི་འོས་ལྡུག་སྐུ་ཚབ་རྣམས་ཀྱིས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་ལ་འོས་ཤོག་ལྡུག་གི་ཡོད།
དེ་ནས་ཕྱི་ལོ་༢༠༢༥ ལོའི་ཟླ་༡་ཚེས་༦ ཉིན། ཨ་རི་གྲོས་ཚོགས་ཀྱིས་འོས་ཤོག་གྲངས་ཀ་རྩིས་ཀྱི་ཡོད་འདུག ཕྱི་ཟླ་༡་ཚེས་༢༠ ཉིན། སྲིད་འཛིན་གསར་པའི་ལས་ཀ་འགོ་འཛུགས་སམ་རྟེན་འབྲེལ་མཛད་སྒོ་འཚོགས་ཤིང་། སྐབས་དེར། འདེམས་ཐོན་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་ཀྱིས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འགན་འཁུར་བཞེས་པའི་དམ་བཅའ་འབུལ་བར་བྱེད།