18
Thu, Apr

ཐེ་ཝན་གྲོས་ཚོགས་ཀྱི་མདུན་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདིའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་སྐབས་ཀྱི་པར།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༢ཚེས་༨ ཉིན། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གོ་སྒྲིག་འོག བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནས་འགོ་འཛུགས་བྱས་ཏེ། ཟླ་གཅིག་ལྷག་གི་རིང་ལ་ཐེ་ཝན་གྱི་ས་ཕྱོགས་མང་པོ་ཞིག་ཏུ་སྐོར་བསྐྱོད་བྱས་ནས། བོད་དོན་གྱི་གོ་རྟོགས་ལས་འགུལ་སྤེལ་རྒྱུ་ཡིན་འདུག

དེ་ཡང་། རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་དེ་རིང་ནས་མགོ་ཚུགས་ཏེ། ཕྱི་ཟླ་༣་ཚེས་༡༠་ཉིན་བོད་མི་སྒེར་ལངས་ཉིན་མོར་མཇུག་སྡུད་བྱ་འཆར་འདུག་ཅིང་། ལས་འགུལ་འདིའི་ནང་དུ་ཐེ་ཝན་བ་དང་བོད་མི་བཅས་ཁྱོན་ལས་འགུལ་བ་བཅུ་ལྷག་ཡོད་པ་དང་། དེའི་སྣེ་ཁྲིད་པ་ནི། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཡིན་འདུག །ཟླ་གཅིག་ལྷག་གི་རིང་ལ་སྤེལ་འཆར་ཡོད་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ཐེ་ཝན་གྱི་ས་ཕྱོགས་མང་པོ་ཞིག་ཏུ་སྤེལ་ནས། བོད་དོན་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་རྒྱུ་ཡིན་པར་བརྗོད།

ལས་འགུལ་འདི་ནི་ཕྱི་ལོ་༢༠༡༡ ལོར་འགོ་འཛུགས་བྱས་ཡོད་ཅིང་། དམིགས་ཡུལ་གཙོ་བོ་ནི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན། དེ་ཡང་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ནས་སྡུག་བསྔལ་མྱོང་བཞིན་པ་གསལ་འདོན་བྱེད་པ། རྒྱ་གཞུང་གིས་བཙན་དབང་བྱས་ནས་བོད་མིའི་རིགས་རྫས(DNA)བསྡུ་རུབ་ཀྱིས་གཉའ་གནོན་བྱེད་བཞིན་ཡོད་པར་ངོ་རྒོལ་བྱེད་བཅས་ཡིན་པར་མ་ཟད། ད་དུང་། བོད་མི་རང་ལུས་མེར་སྲེག་དང་། ཐེ་ཝན་གྲོས་ཚོགས་གཙོས་པའི་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ནང་དུ་སྒོ་ཤེས་རབ་རྒྱ་མཚོ་ཀྱི་སྐོར་གྲོས་འཆར་སྟོན་དགོས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མ་ལམ་ཡིན་བཅས་ཀྱི་སྐོར་ནས་ཀྱང་གོ་རྟོགས་ལས་འགུལ་སྤེལ་རྒྱུ་དེ་ཡིན་འདུག

ཐེ་ཝན་གྲོས་ཚོགས་ཀྱི་མདུན་དུ་ལས་འགུལ་འདིའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་ཅིང་། སྐབས་དེར། བཀྲ་ཤིས་ཚེ་རིང་གིས་བརྗོད་དོན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རེ་བོད་ནང་དུ་ཡོད་པའི་བོད་མི་ཚོའི་སྐུ་ཚབ་རེད་ལ། ང་ཚོས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་བོད་མི་རྣམས་རྒྱ་གཞུང་གི་གདུག་རྩུབ་འོག་ཡོད་པའི་སྐོར་ནས་གོ་རྟོགས་སྤེལ་རྒྱུ་དང་། རྒྱ་གཞུང་གིས་བོད་མི་ཚོར་ཀླད་བཀྲུ་བྱ་བ་བྱས་དང་བྱེད་བཞིན་ཡོད་ཅིང་། ད་ལྟར་རིགས་རྫས་བསྡུ་ལེན་བརྒྱུད་ནས་གཉའ་གནོན་བྱེད་བཞིན་ཡོད། འོན་ཀྱང་། ང་ཚོའི་བོད་མི་ཚོས་མུ་མཐུད་ནས་བོད་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་དང་བྱེད་བཞིན་ཡོད། བོད་ནང་གི་བོད་མི་དང་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་མཐུན་སྒྲིལ་བྱེད་བཞིན་ཡོད། ང་ཚོས་མཉམ་དུ་མུ་མཐུད་ནས་འཐབ་རྩོད་བྱེད་བཞིན་ཡོད། ཉིན་གཅིག་ང་ཚོས་རྒྱ་ནག་འགྱུར་བ་གཏོང་བའི་དུས་ཤིག་སླེབས་ཀྱི་རེད། རྒྱ་གཞུང་གིས་བོད་པ་མ་ཟད་ཧོང་ཀོང་བ། དེ་བཞིན་རྒྱ་མིར་དྲག་གནོན་བྱེད་བཞིན་ཡོད་པ་རེད། ཧོང་ཀོང་གཞོན་སྐྱེས་འཛམ་གླིང་གང་ས་འཁྱམ་དགོས་བྱུང་དགོས། ༧གོང་ས་མཆོག་དང་བོད་མི་ཚོ་བཙན་བྱོལ་ལ་ཡོང་དགོས་བྱུང་ཡོད། རྒྱ་མི་ཁྱོད་ཚོ་ལའང་སྨྲ་བརྗོད་རང་དབང་དགོས་ཤིང་། ཁྱོད་ཚོའང་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་རང་དབང་དགོས། ཁྱོད་ཚོ་རང་ཤེད་ཅན་དེ་འདྲ་མ་བྱེད། ཅེས་ཚོར་བ་ཆེན་པོའི་ཐོག་ནས་བརྗོད།

དེ་ནས། ཧོང་ཀོང་འཐབ་རྩོད་པས་རང་དབང་འཐབ་རྩོད་བྱེད་བཞིན་པའི་སྐོར་ནས་བརྗོད་དོན། སྔོན་མར་བོད་ཀྱི་གནད་དོན་ནི་ཧ་ཅང་ཐག་རིང་ཞིག་དང་འབྲེལ་མེད་ཅིག་ཡིན་པར་འདོད་ཀྱི་ཡོད། འོན་ཀྱང་། རྗེས་སུ་རྒྱ་གཞུང་གིས་དམ་དྲག་བྱེད་རྒྱུ་ནི་མཚམས་མི་ཆད་པ་ཞིག་རེད། ཁོ་ཚོའི་འདོད་རྔམ་ཚིམས་རྒྱུ་མེད་པ་མ་ཟད་ད་དུང་ཇེ་ཆེ་འགྲོ་རྒྱུ་རེད། ང་ཚོས་རང་ཉིད་རྒྱ་གཞུང་གིས་དམ་དྲག་འོག་ཏུ་ཡོད་པ་ཤེས་ཀྱི་ཡོད། ཁོ་ཚོས་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་ང་ཚོར་དམ་དྲག་བྱེད་ཀྱི་ཡོད། ཉེན་བརྡ་གཏོང་གི་ཡོད། ཉེན་ཁ་བཟོ་ཡི་ཡོད། ང་ཚོས་རྒྱ་ནག་ནང་ཁོ་ན་རུ་ཉེན་ཁ་ཡོད་པར་སྙམ། འོན་ཀྱང་། ཕྱི་རྒྱལ་ཁག་ཏུའང་རྒྱ་གཞུང་གི་ཉེན་རྟོག་པ་ཧ་ཅང་མང་པོ་ཡོད། དེ་རིང་ང་ཚོས་བོད་ཀྱི་རང་དབང་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད་པར་མ་ཟད། ད་དུང་། ཧོང་ཀོང་དང་། ཤར་ཏོ་ཀི་སི་ཏན། ནང་སོག་བཅས་ཀྱི་རང་དབང་ཆེད་དུའང་འཐབ་རྩོད་བྱེད་ཀྱིན་ཡོད། ཅེས་རང་དབང་འཐབ་རྩོད་བྱེད་ཀྱིན་སྐོར་བརྗོད་སོང་།

དེ་ནས། བོད་མི་ཚེ་རིང་སྒྲོལ་མས་བརྗོད་དོན། ང་ནི་བོད་ནས་འཚར་ལོངས་བྱུང་བའི་བུ་མོ་ཞིག་ཡིན། རྒྱ་གཞུང་གི་ཀླད་བཀྲུའི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་ཡིན། འོན་ཀྱང་། རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས། ང་ཚོའི་བོད་ཀྱི་དངོས་ཡོད་གནས་སྟངས་འདི་རྟོགས་སོང་། རང་ཉིད་རྒྱ་གར་སླེབས་རྗེས་བོད་ནང་གི་ནང་མིར་འབྲེལ་བ་ཆད་སོང་། གང་ཡིན་ཟེར་ན། ངའི་ལས་ཀའི་རྐྱེན་གྱིས་རྒྱ་གཞུང་གིས་ངའི་ནང་མིར་ཡང་ཡང་འཇིགས་སྐུལ་བྱས་འདུག འདི་ལྟ་བུའི་རིགས་ག་ཚོད་ཡོད་རེད། བོད་ནང་ལ་རྒྱ་གཞུང་གིས་མུ་མཐུད་ནས་དམ་དྲག་དང་གདུག་རྩུབ་བྱེད་བཞིན་ཡོད། ངའི་རེ་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་མུ་མཐུད་ནས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་རོགས། རང་དབང་ལ་དགའ་བའི་མི་རྣམས་བོད་མི་དང་རྒྱ་གཞུང་གི་གདུག་རྩུབ་འོག་མྱོང་བཞིན་ཡོད་པའི་མི་རིགས་རྣམས་ཀྱི་ཆེད་དུ་ལོངས་ཤོག རྒྱ་གཞུང་གི་མགོ་སྐོར་འོག་མ་ཚུད་རོགས།

དེ་ལྟར་ཟླ་གཅིག་ལྷག་རིང་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདིའི་གསལ་འགོད་གསར་བསྒྲགས་བསྐྱངས་རྗེས། ལས་འགུལ་བ་ཐུན་མོང་གིས་སྐད་གསེང་མཐོན་པོའི་སྒོ་ནས། བོད་ལ་རང་དབང་དགོས། ཧོང་ཀོང་ལ་རང་དབང་དགོས། ཤར་ཏོ་ཀ་སི་ཏན་ལ་རང་དབང་དགོས། ལྷོ་སོག་པོར་རང་དབང་དགོས། ཐེ་ཝན་ལ་རང་དབང་ལྡན་དགོས་སོགས་ཀྱི་སྐད་འབོད་ཐེངས་འགར་བྱས་ཏེ། ལས་འགུལ་སྐོར་བསྐྱོད་དངོས་སུ་མགོ་ཚུགས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།