23
Tue, Apr

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༢༨་ཉིན། རྡ་ས་མེག་གྷན་ལ་བོད་མི་རྣམས་ཀྱིས་བྲག་མགོ་མི་མང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཆེད་མར་མེ་ཁྲོམ་སྐོར་བྱེད་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༢༨་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ཉེ་ཆར་རྒྱ་གཞུང་གིས་ཁམས་བྲག་མགོ་རྫོང་དུ་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་ཁྲི་གོ་དགུ་ལྷག་ཡོད་པ་དེ་གཏོར་བཤིག་བཏང་ཡོད་པར་བརྟེན། བཞུགས་སྒར་རྡ་སའི་མེག་གྷན་ཁྲོམ་གཞུང་དུ། རྡ་སའི་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་བྲག་མགོ་མི་མང་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཆེད་མར་མེ་ཁྲོམ་སྐོར་ཞིག་བྱས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་དགོང་མོ་ཆུ་ཚོད་༥་པའི་ཐོག བཞུགས་སྒར་རྡ་སའི་མེག་གྷན་ཁྲོམ་གཞུང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། བྲག་མགོའི་རྫོང་གི་དངོས་ཡོད་སྟངས་ཤེས་མཁན་གྲྭ་དཔལ་ལྡན་ལགས། རྡ་ས་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མི་བཅས་ཁྱོན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཡས་མས་འཛོམས་ནས། ཉེ་ཆར་རྒྱ་གཞུང་གིས་ཁམས་བྲག་མགོ་རྫོང་དུ་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་ཁྲི་གོ་དགུ་ལྷག་ཡོད་པ་དེ་གཏོར་བཤིག་བཏང་ཡོད་པ་གཙོས་པའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་སྐྱེད་ཀྱི་མར་མེར་ཁྲོམ་སྐོར་དང་། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཀྱི་ལས་འགུལ་ཞིག་སྤེལ་སོང་།

གོང་གི་ཚོགས་པ་གཉིས་ཀྱིས་ཁམས་བྲག་མགོར་རྒྱ་གཞུང་གིས་གདུག་རྩུབ་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་བསྒྲགས་གཏམ་སྒྲོག་སྦྱོང་བྱེད་དོན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་། བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་ལའང་བརྩིས་མེད་རྡོག་རོལ་གྱིས་ཚོར་ཉེས་མེད་ཉེས་འགེལ་གྱིས་གང་བྱུང་འཛིན་བཟུང་བཙོན་འཇུག་དང༌། དམར་གསོད་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་ཀྱི་ཐུན་མིན་གྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་ལྐོག་གཡོ་ངན་བྱུས་དང༌། ཐབས་བརྒྱ་བྱུས་སྟོང་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྩ་གཏོར་གཏོང་གང་ཐུབ་བྱས་པ་སོགས་ལ་བརྟེན་ནས་བོད་མི་རྣམས་འགྲོ་འདུག་གི་རང་དབང་བྲལ་ཞིང་འུ་ཐུག་བཟོད་བྲལ་གྱིས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡང་བློས་བཏང་གིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད།

ཡིན་ཡང་རྒྱ་གཞུང་གིས་ད་བར་ངོ་ཚ་ཁྲེལ་མེད་ཀྱིས་བོད་ནང་དམ་དྲག་གི་སྲིད་བྱུས་དེ་བཞིན་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དུ་བཏང་ཡོད་པ་མ་ཟད། བོད་ནང་གི་སློབ་གཉེར་གནང་སའི་ལྟེ་གནས་དགོན་སྡེ་གྲྭ་ཚང་དང་། སློབ་གྲྭ་ཁག་བཙན་པོ་དབང་ཡོད་ཀྱིས་རྩ་གཏོར་གཏོང་བ་དང་སྒོ་རྒྱག་ཏུ་འཇུག་པ། ཐ་ན་བོད་བརྒྱུད་ནང་བསྟན་དེ་ཡང་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ལས་གཞི་བཙན་འགེལ་གྱིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་བརྩིས་མེད་རྡོག་རོལ་གྱིས་དེ་སྔའི་རིག་གནས་གསར་རྗེའི་སྐབས་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ངན་པ་སྐྱར་དུ་ལག་བསྟར་རྒྱུན་འཛིན་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལའང་བརྩི་འཇོག་གང་ཡང་མེད་པར་མངོན་སུམ་འཛེམ་མེད་ཀྱིས་བོད་ནང་ངོ་ཚ་ཁྲེལ་མེད་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང༌། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཁག་ནས་ཀྱང་ངེས་པར་འགན་འཁུར་གྱིས་ཡ་ལེན་ཞིག་སྤྲད་དགོས་ངེས་དང་།

ཉེ་ཆར་ཡང་ཁམས་བྲག་མགོའི་སེར་སྐྱ་མི་མང་ཡོངས་ནས་རྒྱུ་དངོས་འབོར་ཆེན་འགྲོ་གྲོན་བཏང་ནས་ཡུལ་གྱི་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ནས་མི་ནད་ཕྱུགས་ནད་དང་དམག་འཁྲུག་མུ་གེ་མི་ཡོང་བ། འབྱུང་བཞིའི་གནོད་པ་སོགས་བཀྲ་མ་ཤིས་པ་ཐམས་ཅད་བཀྲ་ཤིས་པར་ཡོང་སླད་ཕྱི་ལོ་ ༢༠༡༥ ལོར་ཁྲིམས་མཐུན་གྱི་ངང་ནས་བཞེངས་བསྐྲུན་མཛད་པའི་སྟོན་པའི་སྐུ་བརྙན་བྱིན་ཅན་དེ་བཞིན་ཕྱི་ལོ་༢༠༢༡ ཟླ་ ༡༢ ཚེས་༡༢ པ་ནས་བཟུང་རྒྱ་གཞུང་གིས་བཙན་བཀའ་བཏང་ནས་རྩ་གཏོར་བཏང་ཡོད་པ་མ་ཟད། ཡུལ་དེ་གའི་སློབ་གྲྭ་སྒོ་རྒྱག་ཏུ་འཇུག་པ་དང༌། གྲྭ་ཤག་གཏོར་བཤིག་བཏང་བ། དགེ་རྒན་འཛིན་བཟུང་བྱེད་པ། གཞན་ཡང་སྐུ་བརྙན་གཏོར་བཤིག་བཏང་བར་མི་འདོད་པའི་རྣམ་འགྱུར་བསྟན་སོང་ཞེས་ཡུལ་མི་གསུམ་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་རང་བཙན་སློབ་ཕྲུག་ཚོགས་པ་(རྒྱ་གར་)གཉིས་ནས་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་ངེས་པར་གང་མགྱོགས་མཚམས་འཇོག་དགོས་པའི་དགོས་འདུན་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་ནས་བོད་ཁམས་བྲག་མགོའི་རྫོང་གི་ད་ལྟའི་དངོས་ཡོད་གནས་སྟངས་ཤེས་མཁན་གྲྭ་དཔལ་ལྡན་ལགས་ཀྱིས་ཕ་ཡུལ་གྱི་གནས་སྟངས་སྐོར་འགྲེལ་བརྗོད་བྱེད་དོན། དང་ཐོག་སྟོན་པའི་སྐུ་འདྲ་མི་གཏོར་གོང་བྲག་མགོ་དགོན་པའི་གནད་ཡོད་མི་སྣ་རྣམས་རྒྱ་མིའི་ཉེན་རྟོག་པས་སྐད་བཏང་ནས་ཉིན་བཅོ་ལྔའི་རིང་སློབ་གསོ་དང་སྡིགས་ར་བཏང་འདུག གལ་སྲིད་སྟོན་པའི་སྐུ་བརྙན་དེ་བཤིག་མ་བཅུག་ན་གཏོར་བཤིས་བཏང་ནས་རྒྱ་ནག་ཏུ་དབོར་འདྲེན་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་འདུག དེ་ནས་བྲག་མགོ་དགོན་པོའི་མཁན་པོ་དང་ཕྱག་མཛོད་སྐད་བཏང་ནས་དགོན་པའི་གྲྭ་པ་ཚང་མ་སྟོན་པའི་སྐུ་འདྲ་མར་བཤིག་སར་ཡོང་དགོས་པ་དང་། གལ་སྲིད་སུ་མ་ཡོང་པ་ཡིན་ན་རྗེས་སུ་རྩད་གཅོད་བྱས་ནས་འཛིན་བཟུང་དང་ཉེས་པ་ཚབས་ཆེན་གཏོང་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་འདུག དེར་བརྟེན། རྒྱ་གཞུང་གིས་བཙན་དབང་ངང་ནས་སྟོན་པའི་སྐུ་བརྙན་དེ་གཏོར་བཤིག་གཏོང་སྐབས། སྐུ་འདྲ་དེ་ཡར་བཞེངས་མཁན་བྲག་མགོ་དགོན་པའི་གྲྭ་པ་རྣམས་སྐད་བཏང་ནས་མར་བཤིག་བཅུག་ཡོད་འདུག དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་རྣམས་ས་གནས་ཉེན་རྟོག་པས་ཉེན་རྟོག་ཁང་དུ་སྐད་བཏང་ནས་ལུས་སེམས་གཉིས་ཀར་དཀའ་ངལ་སྤྲད་ནས་སློབ་གསོ་རྒྱག་བཞིན་འདུག ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། ད་དུང་བྲག་མགོ་དགོན་པའི་ཉེ་འཁོར་དུ་ཡོད་པའི་མཎི་འཁོར་ལོ་༤༥་ཡོད་པ་དེའང་རྒྱ་གཞུང་གིས་གཏོར་བཤིག་བཏང་འདུག མཎི་འཁོར་ལོ་རེར་རྒྱ་སྒོར་ཁྲི་བཞི་ལྷག་གིས་འགྲོ་སོང་བཏང་ཡོད་རེད། འདི་ནི་ཆོས་དད་ཆེ་བའི་བོད་མི་ཚོར་མཚོན་ན་ཧ་ཅང་གདུག་རྩུབ་ཅན་ཞིག་རེད། ཅེས་བརྗོད་སོང་།

ཁོང་གིས་ད་དུང་བརྗོད་དོན། བོད་ནང་གི་བོད་མི་ཡིས་རྒྱ་གཞུང་གིས་དར་ལྕོག་དང་མཎི་རྡོ་འབུལ་ས་ལ་སྦས་པ་དང་ཆུ་ལ་སྐུར་བ། མེར་བསྲེག་པ་སོགས་བྱས་ནས་རིག་གནས་གསར་བརྗེ་གཉིས་པ་ལྟ་བུ་ཆགས་ཀྱི་འདུག་ཅེས་བརྗོད་ནས་མིག་ཆུ་གཏོང་བཞིན་འདུག

ཁོང་གིས་ཡང་བརྗོད་དོན། ཉེ་སྔོན་བྲག་མགོ་དགོན་པའི་སློབ་གྲྭ་ཞིག་རྒྱ་གཞུང་གིས་ཁྲིམས་མཐུན་གྱི་ཡིག་ཆ་མི་འདུག་ཅེས་ཁ་གཡར་ནས་གཏོར་བཤིག་བཏང་ཡོད་རེད། སློབ་གྲྭ་དེར་ནང་ཆོས་དང་། བོད་སྐད་ཡིག དབྱིན་ཡིག རྒྱ་ཡིག་བཅས་སློབ་ཁྲིད་བྱེད་ཀྱི་ཡོད་རེད། ད་ལྟར་སློབ་གྲྭ་དེ་གཏོར་བཤིག་བཏང་ནས་རྩ་མེད་བཟོས་ཚར་བ་རེད། གོ་ཐོས་ལྟར་ན་སློབ་གྲྭ་གཏོར་ཤུལ་དེར་བྱ་གསོ་ཁང་དང་ཕག་གསོ་ཁང་རྒྱག་གི་ཡིན་ཟེར་གྱི་འདུག ཤེས་ཡོན་ལྟེ་གནས་ཁང་ཞིག་ལ་བྱ་གསོ་ཁང་དང་ཕག་གསོ་ཁང་བརྒྱབ་པ་ཡིན་ན་ཚོར་བ་ག་འདྲ་སླེབས་ས་རེད། ཅེས་བརྗོད་སོང་།

ཁོང་གིས་ཚོར་ཤུགས་ཆེན་པོའི་ཐོན་ནས་བརྗོད་དོན། རྒྱ་གཞུང་གིས་ད་ལྟའི་བྱ་སྤྱོད་ལ་བརྟེན་ནས་མ་འོངས་པར་བྲག་མགོའི་ནང་དུ་བོད་མི་ཚོས་ངོ་རྒོལ་དང་རང་ལུས་མེར་བསྲེག་གཏོང་པ་ཡིན་ན། འགན་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་ཅེས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དཔལ་ལྡན་ལགས་ཀྱིས་མཐའ་མར། རྒྱལ་སྤྱིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་གནས་སྟངས་འདིའི་ཐོག་ལ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་རེ་སྐུལ་ཞུས་སོང་།

གཞན་ཡང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་བོད་ཁམས་བྲག་མགོའི་ཛ་དྲག་གི་གནས་སྟངས་གཙོས་པའི་བོད་སྤྱི་ཡོངས་ཀྱི་ཛ་དྲག་གི་གནས་སྟངས་སྐོར་འགྲེལ་བརྗོད་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།