20
Sat, Apr

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༢༢་ཉིན། བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཧི་མ་ལ་ཡའི་གོམ་བགྲོད་ཅེས་པའི་བོད་དོན་ལས་འགུལ་རྡ་ས་ནས་མཇུག་བསྡུས་སྐབས། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༢༢་ཉིན། བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཧི་མ་ལ་ཡའི་གོམ་བགྲོད་ཅེས་པའི་བོད་དོན་ལས་འགུལ་རྡ་ས་ནས་མཇུག་བསྡུས་སོང་། བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེའི་ནང་དུ། ༧གོང་ས་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་པ་ཞེས་པའི་གློག་བརྙན་གཟིགས་འབུལ་དང་། མི་མང་ལ་འཕགས་བོད་ས་མཚམས་ཡིན་པ་ལས་འཕགས་རྒྱ་ས་མཚམས་མིན་པའི་གོ་རྟོགས་སྤེལ་ཡོད་སྐོར་ཁོང་གིས་འགྲེལ་བརྗོད་གནང་སོང་།

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་རྡ་ས་ཁི་ལོབ་ཁང་(Club House)་གི་ཚོགས་ཁང་དུ། འཕགས་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཧི་མ་ལ་ཡའི་གོམ་བགྲོད་ཅེས་པའི་བོད་དོན་ལས་འགུལ་རྡ་ས་ནས་མཇུག་བསྡུས་པའི་བྱེད་སྒོ་ཞིག་ཚོགས་སོང་། དེར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་རྒྱ་གར་བ་དང་བོད་མི་མང་དག་ཅིག་སླེབས་འདུག

ཐོག་མར། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇི-ནེ་རི(Ajit Nehria)་ལགས་ཀྱིས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ཧི་མ་ལ་ཡའི་གོམ་བགྲོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས། བསྟན་འཛིན་བརྩོན་འགྲུལ་ལགས་ཀྱིས་ཧི་མ་ལ་ཡའི་གོམ་བགྲོད་ཀྱི་ལས་འགུལ་ཇི་ལྟར་སྤེལ་ཡོད་མེད་སྐོར་དངོས་སུ་འགྲེལ་བཤད་གནང་སོང་།

ཧི་མ་ལ་ཡའི་གོམ་བགྲོད་ཀྱི་བོད་དོན་ལས་འགུལ་སྤེལ་ཡུལ་ནི། རྒྱ་གར་གྱི་མངའ་སྡེ་ལྔ(Ladakh, Himachal Pradesh, Uttarakhand, Sikkim, Arunachal Pradesh)་དང་ས་ཁུལ་ཁྱོན་བཞི་བཅུ་ལྷག་ཡིན་པར་བཤད་ཅིང་། ས་གནས་དེ་དག་ཏུ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་གྱི་ཆ་ཤས་གཙོ་བོ་ཞིག་ནི། ༧གོང་ས་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་པ་ཞེས་པའི་གློག་བརྙན་གཟིགས་འབུལ་ལ་བརྟེན་ནས། རྒྱ་མིས་བོད་བཙན་བཟུང་བྱས་ཚུལ་དང་། ༸གོང་ས་མཆོག་བྲོས་བྱོལ་དུ་ཕེབས་ཚུལ་སོགས་ཀྱི་གནས་ཚུལ་སྤེལ་བ་དེ་ཡིན་པར་བཤད་སོང་།

གློག་བརྙན་དེ་ཧི་མ་ལ་ཡའི་ཁུལ་ནས་ཐེངས་བརྒྱ་ལྷག་ལ་བསྟན་འདུག་ཅིང་། དེ་གའི་མི་རྣམས་ཀྱིས་གློག་བརྙན་དེར་བལྟས་རྗེས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་བསྟན་འདུག་ཅིང་། ༸གོང་ས་མཆོག་བྲོས་བྱོལ་དུ་ཕེབས་ཚུལ་རྣམས་གསལ་པོར་ཤེས་རྗེས། སེམས་པ་སྐྱོ་བའི་རྣམ་པའང་བྱུང་འདུག་ལ། རྒྱ་གར་གྱི་ས་མཚམས་བོད་ཡིན་པ་ལས་རྒྱ་ནག་མ་རེད་ཅེས་ཀྱང་བཤད་བཞིན་ཡོད་སྐོར་བརྗོད་སོང་།

ལས་འགུལ་དེ་ནི། འདི་ལོའི་ཟླ་༨་ཚེས་༡༤་ཉིན། རྡ་ས་ནས་ལ་དྭགས་སུ་བསྐྱོད་དེ། ཚེས་༡༧་ཉིན་ལ་དྭགས་རྒྱལ་ས་གླེ(Leh)་ནས་དངོས་སུ་འགོ་བརྩམས་འདུག་ཅིང་། མཐར་ཁྱོན་ཟླ་བ་བཞིའི་རིང་ལ་ཧི་མ་ལ་ཡའི་ཁུལ་དུ་བསྐྱོད་ནས། བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་འདུག

ཡང་བསྟན་འཛིན་བརྩོན་འགྲུལ་ལགས་ཀྱིས་བརྗོད་དོན། ཧི་མ་ལ་ཡའི་ཁུལ་ལ་གོམ་བགྲོད་བྱེད་སྐབས། བོད་དང་ཧི་མ་ལ་ཡའི་མི་རྣམས་ཀྱི་དབར་ལ་ཆོས་དང་རིག་གཞུང་སོགས་ཀྱི་ཐད་ནས་འབྲེལ་བ་ཤུགས་ཆེན་ཡོད་པ་དངོས་སུ་ཚོར་སྣང་བྱུང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།