20
Sat, Apr

རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༡༥ཉིན་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཞི་ཡིས་རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་པ་སྒོ་ཤེས་རབ་རྒྱ་མཚོ་དང་རིན་ཆེན་ཚུལ་ཁྲིམས་གཉིས་ད་ལྟར་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་། ཁྲིམས་ཐག་བཅད་པའི་བརྒྱུད་རིམ། དེ་བཞིན་ནག་ཉེས་ཅི་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་དགོས་པའི་སྐུལ་མ་བྱས་འདུག

དེ་ཡང་། འདི་ལོའི་ཟླ་བདུན་པའི་ཚེས་༡༦ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སྟེ། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་པ་དང་། གང་བྱུང་འཛིན་བཟུང་བྱས་པའི་མི་སྣ་ཆེད་ལས་དོན་བྱེད་མཁན། གྲངས་ཉུང་མི་རིགས་ལས་དོན་ཚོགས་པ། ཆོས་དད་རང་དབང་གི་ལས་དོན་ཚོགས་པ་བཅས་ཀྱིས་རྒྱ་གཞུང་ལ་རེ་སྐུལ་བྱས་དོན། རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟར་གར་སོང་ཆ་མེད་དུ་གྱུར་བའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རིན་ཆེན་ཚུལ་ཁྲིམས་ལགས་གཉིས་ཀྱི་གནད་དོན་ཐད་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་སྐོར་བརྗོད་འདུག

རྩོམ་པ་པོ་སྒོ་ཤེར་ལགས་ཕྱི་ལོ་༢༠༢༠ཟླ་༡༠་ཚེས་༢༦ཉིན། ལྷ་ས་གསང་བའི་ལས་ཁུངས་ཀྱི་མི་སྣ་ཡིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་གློ་བུར་དུ་འཛིན་བཟུང་བྱས་འདུག ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་དང་ད་ལྟར་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་སྐོར་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག

རྩོམ་པ་པོ་སྒོ་ཤེར་ལགས། ཕྱི་ལོ་ ༡༩༧༡ ཟླ་༩ཚེས་༩་ཉིན། བོད་མདོ་སྨད་རྔ་བ་རྫོང་ཁ་ཤི་སྡེ་བ་ནས་སྐུ་འཁྲུངས་ཡོད་པ་དང་། ཁོང་གི་ཕ་མིང་ལ་སྒོ་བརྩོན་དང་མ་མིང་ལ་སྒྲོལ་དཀར་ཡིན་འདུག དགུང་ལོ་ཆུང་དུས་ནས་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་༡༩༩༠་ཡས་མས་སུ་ཁོང་རྒྱ་གར་དུ་སླེབས་ཡོད་འདུག ཕྱིས་སུ་བོད་དུ་ལོག་ཕེབས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་འདུག

བོད་མདོ་སྨད་རྔ་བ་ནས་ཡིན་པའི་དགེ་འདུན་རིན་ཆེན་ཚུལ་ཁྲིམས་ལགས་༢༠༡༩་ལོའི་ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་མོར། ཨ་མདོ་རྔ་བ་རྫོང་གི་ཀོར་མདོ་ཟེར་བའི་ས་ཚིགས་ཤིག་ནས་ཁོང་དང་མཉམ་དུ་གྲྭ་བ་གཉིས་བཅས་རྔ་བ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དགེ་འདུན་པ་གཞན་གཉིས་ཉིན་ཤས་རྗེས་ནས་ཕྱིར་རང་དགོན་དུ་མངགས་ཡོད་ཀྱང་། རིན་ཆེན་ཚུལ་ཁྲིམས་ལགས་བོད་དོན་དང་ཆབ་སྲིད་འབྲེལ་བ་ཡོད་པར་བརྗོད་ནས་གློད་གྲོལ་གཏོང་མི་འདུག ཁོང་ནི་ད་ལྟ་རྔ་བ་ཁུལ་འབར་ཁམས་ལ་བཙོན་འཇུག་བྱས་ཡོད་པ་ཙམ་ལས་གནས་ཚུལ་གཞན་གང་ཡང་ཁ་གསལ་བྱུང་མི་འདུག

རིན་ཆེན་ཚུལ་ཁྲིམས་ལགས་ནི། བོད་མདོ་སྨད་རྔ་བ་རྫོང་གི་དཀའ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ལ་སྐྱེས་ཤིང་། ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་རང་ལོ་༦༨ ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་རང་ལོ ༥༧ ཡིན་འདུག ཁོང་ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཁོང་ལོ་དྲུག་ཙམ་ནས་མདོ་སྨད་རྔ་ཡུལ་གྱི་བོན་གྱི་དགོན་པ་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་རྒྱུན་སྐྱོང་གིས་ད་ལྟ་སྔགས་ཀྱི་འཛིན་གྲྭ་ཐོན་ཡོད་འདུག

རྒྱལ་ཚོགས་ཀྱི་ཚོགས་པ་བཞི་ཡིས་བརྗོད་དོན། ང་ཚོས་རྒྱ་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་དང་རིན་ཆེན་ཚུལ་ཁྲིམས་གཉིས་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་གྱུར་བར་སེམས་ཚབ་སྐྱེས་བཞིན་ཡོད། ད་དུང་སེམས་ཚབ་སྐྱེས་དགོས་པ་གཞན་ཞིག་ནི་ཁོ་གཉིས་གཅིག་པུ་མིན་པ་དང་། བོད་མི་གཞན་མང་པོ་ཞིག་དེ་ལྟར་གང་བྱུང་འཇུ་བཟུང་དང་། གཞན་ལ་འབྲེལ་ལམ་བྱེད་ས་མེད་པའི་བཙོན་ཁང་དུ་བཅུག་པ། ལྐོག་ནས་ཁྲིམས་ཐག་བཅད་པ། ནག་ཉེས་གང་ཡིན་མི་ཤེས་པ། དེའི་ནང་ནས་གར་སོང་ཆ་མེད་དུ་འགྱུར་བ་སོགས་ལ་སེམས་ཁུར་བྱེད་བཞིན་ཡོད།

ཁོ་ཚོས་མུ་མཐུད་ནས་བརྗོད་དོན། རྒྱ་ནག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྲུང་བའི་འགན་འཁྲི་ཡོད་པ་བཞིན། བོད་མི་སྒོ་ཤེར་དང་རིན་ཆེན་ཚུལ་ཁྲིམས་གཉིས་གང་དུ་བཙུན་འཇུག་བྱེད་ཡོད་མེད་དང་། ཁྲིམས་གང་གཞི་བཞག་ཐོག་ཁོང་གཉིས་འཛིན་བཟུང་དང་བཀག་ཉར་བྱས་ཡིན་མིན་བཅས་གྱི་གནས་ཚུལ་མཁོ་སྤྲོད་དགོས་པའི་སྐུལ་མ་བྱེད་བཞིན་ཡོད།

ད་དུང་ཚོགས་པ་བཞི་འདི་ཡིས། རྒྱ་གཞུང་གིས་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས། སྐད་ཡིག་བཅས་ལ་སྲུང་སྐྱོབ་དང་ཡར་རྒྱས་བཏང་བའི་ལས་གཞི་གང་བརྩམས་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་དགོས་སྐོར་ཡང་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།