16
Tue, Apr

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༡༧ཉིན། ཨ་རི་ནུའུ་ཡོའུ་གྲོང་འཁྱེར་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དུ། བོད་མི་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་གཏོང་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། པར། བསྟན་འཛིན་དབང་འདུལ་དང་ཇ་ནེ-སི་ཊེན

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༡༧ཉིན། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་ཉིན་མོར། ཨ་རི་དང་དབྱིན་ཡུལ། ཨོ་གླིང་། ཐེ་ཝན། སུད་སི། ཁེ་ན་ཌ་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་དགོས་པའི་ངོ་རྒོལ་ཀྱི་ལས་འགུལ་སྤེལ་འདུག

དེ་ཡང་། གོང་ཚེས་ཉིན། ཨ་རི་དང་དབྱིན་ཡུལ། ཨོ་གླིང་། ཐེ་ཝན། སུད་སི། ཁེ་ན་ཌ་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་དགོས་པའི་ངོ་རྒོལ་གྱི་ལས་འགུལ་དང་། རྒྱ་ནག་གི་གཞུང་ཚབ་ཁང་དུ་ཁ་པར་བཏང་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གང་དུ་ཡོད་པའི་སྐོར་དྲི་བའི་གཏོང་བའི་ལས་འགུལ། དེ་བཞིན་པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་ཡོང་ཐབས་སུ་མཚན་རྟགས་བསྡུ་རུབ་བཅས་ཀྱི་ལས་འགུལ་སོགས་སྤེལ་འདུག

ཟླ་འདིའི་ཚེས་༡༧ཉིན། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི། དགེ་རྒན་བཅས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༦་འཁོར་བའི་ཉིན། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རི་ནུའུ་ཡོའུ་གྲོང་འཁྱེར་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དུ། བོད་མི་ཚོས་རྒྱ་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ཁོང་ཚོའི་ལག་ཏུ་འཕྲེད་དར་འཁྱེར་ནས་པཎ་ཆེན་རིན་པོ་གང་དུ་ཡོད། ཁོང་མྱུར་དུ་གློད་གྲོལ་དགོས་སོགས་ཀྱི་སྐད་འབོད་གནང་འདུག

དེ་ཡང་། གོང་ཚེས་ཉིན། ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ་དང་སུད་སིའི་ས་གནས་བུད་མེད་ཚོགས་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག སུད་སིའི་གྲོང་ཁྱེར་ཛུ་རིག་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བ་མ་ཟད། གྲོང་ཁྱེར་ཛུ་རིག་དང་སུད་སི་རྒྱལ་ས་བྷན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཞུ་ཡིག་ཅིག་ཕུལ་ཡོད་འདུག དེའི་ནང་དུ་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི་བཅས་པ་མྱུར་དུ་གློད་བཀྲོལ་བཏང་དགོས་པ་དང་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་ལ་འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི་བཅས་ཀྱི་གནས་སྟངས་རྟོག་ཞིབ་བྱེད་བཅུག་དགོས། ཞེས་འཁོད་ཡོད་འདུག

དེ་བཞིན། ཟླ་འདིའི་ཚེས་༡༧ཉིན། དབྱིན་ཡུལ་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་མི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས་པའི་སྐད་འབོད་གནང་འདུག

ད་དུང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༦་འཁོར་བའི་ཉིན་ལ་གསར་འགོད་གསལ་བསྒྲགས་གནང་ནས་པཎ་ཆེན་རིན་པོ་ཆེ་མཆོག་འཕྲད་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་འདུག

དེ་མཚུངས། བོད་དོན་ལས་འགུལ་ཁང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་མགྱོགས་མྱུར་དུ་གློད་གྲོད་ཡོང་ཐབས་སུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།