23
Tue, Apr

༢༠༢༠་ལོའི་ཟླ་༡༡་ཚེས་༢༠་ཉིན། ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བླངས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༡་ཚེས་༢༠ཉིན། ཨ་རིའི་སྲིད་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངྒེ་མཆོག ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་གཞུང་འབྲེལ་ཐོག་ནས་མགྲོན་འབོད་གནང་ཡོད་པ་དང་། དེའི་སྐབས། སྲིད་སྐྱོང་མཆོག་གིས་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སྐོར་གསུངས་འདུག

དེ་ཡང་། ཟླ་འདིའི་ཚེས་༢༠་ཉིན་གྱི་ཕྱི་དྲོར། ཨ་རིའི་སྲིད་གཞུང་གིས་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངྒེ་མཆོག་ཕོ་བྲང་དཀར་པོར་མགྲོན་འབོད་གནང་བ་ལྟར། ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་རྣམ་པ་དང་། དེ་བཞིན་ཨེ་ཤི་ཡ་དང་རྒྱ་ནག་ཐོག་ཕྱག་ལས་གནང་མཁན་གཙོ་བོར་གྱུར་པའི་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སྐོར་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་ཨ་རི་སྲིད་གཞུང་གིས་གཞུལ་འབྲེལ་གྱི་ཐོག་ནས་ཕོ་བྲང་དཀར་པོའི་ནང་དུ་མགྲོན་འབོད་གནང་བ་ཐོག་མ་ཆགས་ཡོད་པ་རེད།

ཐེངས་འདི་ཨ་རི་སྲིད་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཞིག་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་གཞུང་འབྲེལ་ཐོག་མགྲོན་འབོད་གནང་བར་དོན་སྙིང་གང་ཡོད་སྐོར་སྲིད་སྐྱོང་བློ་བཟང་སངྒེ་མཆོག་གིས་འདི་ལྟར་གསུངས་འདུག དེའི་སྔོན་ཨ་རིའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ཡོང་ཀྱི་རེད་ཅེས་བརྗོད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ནང་དུ་ཕེབས་ཐུབ་མེད། གལ་སྲིད་བོད་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཅིག་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ཕེབས་ཚེ། ཨ་རིའི་སྲིད་གཞུང་གིས་བོད་མིའི་སྒྲིག་འཛུགས་ངོས་འཛིན་བྱས་པ་ལྟ་བུ་ཆགས་ཀྱི་རེད། ཅེས་བརྗོད་ཀྱི་ཡོད། ད་ཐེངས་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་ནས་མགྲོན་འབོད་གནང་བ་ནི་ཨ་རིའི་གཞུང་གིས་ངོས་ནས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་ངོས་འཛིན་གནང་བ་མཚོན་གྱི་ཡོད། ཅེས་འགྲེལ་བརྗོད་གནང་འདུག

དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། སྐུ་ཚབ་དོན་ཁང་གི་ལས་བྱེད་སྐལ་བཟང་སྒྲོལ་མ་ལགས་བཅས་ཕེབས་ཡོད་འདུག

གཞན་ཡང་། འདི་ལོའི་ཟླ་༡༠་ཚེས་༡༥་ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་ཐེངས་དང་པོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ཧར་རེ་ཊི་རུ་མན་(Harry S. Truman building)ནང་དུ་གཞུང་འབྲེལ་ཐོག་ནས་མགྲོན་འབོད་གནང་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།