19
Fri, Apr

༢༠༢༠་ལོའི་ཟླ་༡༡་ཚེས་༡༢་ཉིན། རྡ་སར་བོད་ཁམས་འབྲི་རུའི་ཛ་དྲག་གི་གནས་སྟངས་གཏམ་བརྗོད་ལམ་ནས་མི་མང་ལ་བསྟན་སོང་།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༡་ཚེས་༡༢་ཉིན། རྡ་སར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་མེག་གྷན་སྤྱི་ཐང་དུ། རྒྱ་གཞུང་གིས་འབྲི་རུ་ས་ཁུལ་ལ་དམ་དྲག་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་གཏམ་བརྗོད་ཀྱི་ལམ་ནས་མི་མང་ལ་བསྟན་སོང་།

དེ་ཡང་། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོའི་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག རྒྱ་གཞུང་གིས་བོད་ཁམས་འབྲི་རུ་ས་ཁུལ་ལ་དམ་དྲག་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་འདི། བོད་མི་ཁག་ཅིག་གིས་གཏམ་བརྗོད་འཁྲབ་ནས་མི་མང་ལ་བསྟན་སོང་།

གཏམ་བརྗོད་དེའི་ནང་དུ། ལྷ་མོ་ལགས་ཀྱིས་ཁྱིམ་དུ་༸གོང་ས་མཆོག་གི་སྐུ་པར་ཉར་ཡོད་པར་བརྟེན། རྒྱ་དམར་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་པ་དང་། དེའི་རྗེས། ཉེན་རྟོག་པས་ལྷ་མོ་ལགས་གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་ཕྱིན་རྗེས། ཤུལ་དུ་ལྷག་པའི་བུ་ཕྲུག་གསུམ་གྱིས་ངུ་འབོད་བྱེད་བཞིན་པ་བཅས་གཏམ་བརྗོད་འཁྲབ་ནས་བསྟན་སོང་།

དེ་བཞིན། ལྷ་མོ་ལགས་ཀྱི་སྤུན་མཆེད་བསྟན་འཛིན་ཐར་པ་ལགས་རྒྱ་དམར་ཉེན་རྟོག་པས་རྒྱ་གར་ལ་དངུལ་སྐུལ་བའི་ཉེས་མིང་འོག་འཛིན་བཟུང་བཙན་འཁྲིད་བྱས་རྗེས། རྒྱ་གཞུང་གི་བཙོན་ཁང་ཞིག་ཏུ་ཁོང་ལ་རྒྱ་དམར་ཉེན་རྟོག་པས་སྡུག་སྦྱོང་དང་མནར་གཅོད་བཏང་ཡོད་པའི་སྣང་བརྙན་ཞིག་ཀྱང་བསྟན་སོང་།

ད་དུང་། གླུ་བ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་ཞྭ་མོ་ནག་པོ་ཞེས་པའི་གཞས་དེ་བཏང་རྗེས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཡོད་པའི་སྐོར་བཅས་བོད་ཁམས་འབྲི་རུའི་ཛ་དྲག་གི་གནས་སྟངས་མཚོན་པའི་གཏམ་བརྗོད་འཁྲབ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།