23
Tue, Apr

༢༠༡༩་ལོའི་ཟླ་༩་ཚེས་༣༠་ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ལེགས་པའི་ངང་མཇུག་བསྡུས་གནང་སོང་།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༩་ཚེས་༣༠་ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ལེགས་པར་མཇུག་གྲུབ་སོང་། བོད་སྐད་ཡིག་གལ་ཆེན་ཡིན་པར་གསུང་བཞིན་དུ། སྐད་ཡིག་གཞན་དང་བསྲེས་ལྷད་གནང་གི་འདུག དེར་བརྟེན། བོད་སྐད་ཡིག་གལ་ཆེན་པོ་ཡིན་ན། ང་ཚོས་ལག་བསྟར་བྱེད་དགོས། ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས་གསུངས་སོང་།

དེ་ཡང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་མཇུག་བསྡོམས་ཀྱི་ཐོག སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན། གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ལ། གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཁག་ཅིག་འཇོག་ཐུབ་པ་བྱུང་ཡོད། དེ་དག་ནི་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་དགུ་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར། མང་གཙོ་རྩིས་ཁྲ་ཚོགས་ཆུང་དབུ་འཛུགས་དགོས་པའི་གྲོས་ཆོད་གྲོས་འཆར་༡ བཅས་ཡིན། གཞན། ཆེས་ཐོག་ཁྲིམས་ཞིབ་པ་ཆེ་བ་གཅིག་དང་། ཁྲིམས་ཞིབ་པ་གཞན་གཅིག དབུ་འོས་བསྡུ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་བཅས་བདམས་ཐོན་བྱུང་ཡོད། དེ་བཞིན། ཁྲིམས་འཆར་ཨང་༥༣་ཙམ་ཞིག་འགྲེམས་སྤེལ་ཞུས་པ་རེད་ཅེས་གསུངས་སོང་།

ཁོང་གིས་མུ་མཐད་ནས། དེ་རིང་གྲོས་ཚོགས་འདིའི་ནང་དུ། གླེང་བསྡད་པ་མང་པོ་ཞིག་ནི་ས་ཁང་གི་སྒྲིག་གཞི་སྐོར་དང་། ས་ཁང་གི་སྒྲིག་གཞི་དེ་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ས་ཁང་གི་སྒྲིག་གཞི་ཆ་ཚང་གཏན་འབེབས་གནང་ཚར་བ་རེད། འོན་ཀྱང་། ད་དུང་ཡིན་ཡང་། ས་ཁང་གི་སྒྲིག་གཞི་ནང་དུ་འཁོད་པ་ནང་བཞིན་གནང་ཐུབ་ཀྱི་མེད་པར་གསལ་བོ་ཐོན་གྱི་འདུག དེའི་ཐོག་བསྐྱར་ཞིབ་གནང་དགོས་འདུག སྤྱིར་ཁྱབ་པའི་སྒྲིག་གཞི་ཞིག་འགྲོ་ཐུབ་ཀྱི་མེད་ན། ས་གནས་རེ་རེར་གནས་འབབ་རེ་ཡོད་ཙང། ས་གནས་རེ་རེར་སྒྲིག་གཞི་རེ་བཟོ་ཐུབ་པ་ཡིན་ན་གང་འདྲ་ཡོད་མེད་ཐོག དམིགས་བསལ་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་ནས་ཞིབ་འཇུག་ཅིག་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད་ཅེས་ལམ་སྟོན་གནང་སོང་།

དེ་བཞིན། བོད་མི་ཉམ་ཐག་ཐོག་ནས་གྲོས་ཚོགས་ནང་དུ་མང་པོ་གླེང་སོང་། ང་ཚོས་ཉམ་ཐག་མེད་པ་བཟོ་རྒྱུ་མ་གཏོགས། ཉམས་ཐག་མང་དུ་གཏོང་བ་ནི་ང་ཚོའི་སྲིད་བྱུས་མ་རེད། ད་བར་ང་ཚོས་ཉམ་ཐག་གི་ཐོག་གནང་སྟངས་འགྲིག་ཡོད་མེད་ཐོག་ཀྱང་བསྐྱར་ཞིབ་ཅིག་གནང་དགོས་འདུག ཉམ་ཐག་ཚོའི་མི་ཚེ་ལ་ཕན་པའི་འཚོ་བའི་མཐུན་རྐྱེན་སྦྱར་གྱི་ཡོད་རེད་དམ། མི་ཚེར་ཕན་པའི་མདུན་ལམ་ཞིག་བསྐྲུན་གྱི་ཡོད་རེད། མི་རེར་ནུས་པ་མི་འདྲ་རེ་ཡོད་རེད། དེ་བཞིན། ནུས་པ་གཞི་བཞག་ཐོག་རོགས་དངུལ་གཡར་བ་དང་སྦྱོང་བརྡར་སྤྲོད་དགོས་རེད། དངུལ་སྒོར་ཁོ་ན་སྤྲད་པར་ཕན་ཐོགས་ཡོང་བར་མཐོང་གི་མི་འདུག དེ་བཞིན། དབང་པོ་སྐྱོན་ཅན་རྣམས་ལ་གང་གནང་དགོས་འདུག་མིན་ཐོག་བསམ་བཞེས་གནང་དགོས་པར་གལ་ཆེན་པོ་འདུག་ཅེས་ཚོགས་གཙོ་མཆོག་གིས་གསུངས་སོང་།

གྲོས་ཚོགས་ཚོགས་ཡུན་རིང་། སྤྱི་འཐུས་རྣམ་པ་ཚོས་ལས་ཁུངས་རེ་རེའི་ལས་བསྡོམས་ཐོག་དགོངས་འཆར་རབ་དང་རིམ་པ་གནང་སོང་། དེ་བཞིན། འཛིན་སྐྱོང་བཀའ་ཤག་གིས་ཐོ་བྲིས་ཡོད་རེད། དེ་ཚོ་ཚང་མ་གལ་ཆེན་པོ་ཡིན་པར་ངོ་འཛིན་གནང་རོགས། སྤྱི་འཐུས་ཚོ་སྐོར་བསྐྱོད་འགྲོ་ཡི་ཡོད་རེད། འོན་ཀྱང་། སྤྱི་འཐུས་དང་མི་མང་བར་ལ་རྒྱང་ཐག་རིང་པོ་ཞིག་ལྷག་བསྡད་འདུག་ཅེས་བཀའ་མོལ་མང་པོ་བྱུང་ཡོད། དེར་བརྟེན། མི་མང་དང་སྤྱི་འཐུས་བར་ལ་ག་འདྲ་བྱས་ནས་ཐག་ཉེ་བོ་བཟོ་དགོས་མིན་ཐོག་གཞུང་མང་ཚོགས་འདུ་ཚོགས་ནས་གསལ་བོ་གནང་དགོས། ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས། སྐབས་རེར། ས་གནས་འགོ་འཛིན་གྱིས་ཉམ་ཐག་རེད་ཅེས་ཐོ་གཞུང་ཕུལ་བའི་ནང་དུ། ལྡོག་ཕྱོགས་དེ་འདྲ་ཡོང་གི་འདུག གང་ལྟར། སྤྱི་འཐུས་ཚོ་ས་གནས་ས་ཐོག་ལ་ཕེབས་སྐབས། ཉམས་ཞིབ་ཡག་པོ་བྱེད་དགོས་པར་གལ་ཆེན་པོ་ཆགས་ཡོད། ང་ཚོས་གང་བྱེད་ཀྱི་ཡོད་རུང་། མི་མང་ལ་རྩིས་སྤྲོད་ཐུབ་པ་ཞིག་བྱེད་དགོས། མི་མང་ལ་ང་ཚོས་བྱེད་ཐུབ་པ་འདི་རེད། བྱེད་མི་ཐུབ་པ་འདི་རེད་ཅེས་རྩིས་ཡག་པོ་སྤྲོད་ཐུབ་པ་ཞིག་དགོས་འདུག

ང་ཚོས་དགོངས་འཆར་གནང་སྐབས། བོད་ཡིག་དང་བོད་སྐད་གལ་ཆེན་ཡིན་པར་གསུང་བཞིན་དུ། དེ་སྔོན་གྲོས་ཚོགས་ཚོགས་སྐབས་དང་མ་འདྲ་བ། ཐེངས་འདིར་སྐད་ཡིག་བསྲེས་ལྷད་བྱེད་མཁན་མང་པོ་བྱུང་སོང་། ནམ་རྒྱུན། སྐད་ཡིག་གཞན་པ་བེད་སྤྱོད་གཏོང་སྐབས། ཚོགས་གཙོ་ལ་བཀའ་ཁྲོལ་ཞུ་བར་དེ་འདྲ་ཡོང་གི་ཡོད་རེད། དེ་རིང་དེ་འདྲ་ཞུ་མཁན་བྱུང་མ་སོང་། མ་འོངས་པར་དེ་ཚོའི་ཐོག་ལ་ཚང་མས་ཐུགས་གཟབ་གནང་རོགས། བོད་སྐད་ཡིག་གལ་ཆེན་པོ་ཡིན་ན། ང་ཚོས་ལག་བསྟར་བྱེད་དགོས། དེ་བཞིན། དེའི་སྔ་ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐབས་སུ་ཚོར་བ་དྲག་པོ་བྱུང་སོང་། ང་ཚོའི་སྐད་འདི་གང་འདྲ་ཆགས་ཀྱི་ཡོད་དམ། ང་ཚོ་ད་དུང་ལོ་ངོ་༣༠་ལྷག་བཙན་བྱོལ་དུ་ལྷག་པ་ཡིན་ན། བོད་སྐད་ཆ་ཚང་བརླག་མི་འགྲོ་ཨམ་སྙམ་པའི་ཚོར་སྣང་བྱུང་། དེར་བརྟེན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཟའ་མཇུག་གི་འཛིན་གྲྭ་ཁོ་ན་མིན་པར། དེ་ལས་ཁྱབ་ཆེར་ཡོང་བར་སྒྲིག་འཛུགས་དང་སྒེར། དེ་བཞིན་ཕ་མ་བཅས་ནས་དེ་དག་ཛ་དྲག་ཅིག་རྩིས་ནས་དེའི་ཐོག་གོམ་པ་རྒྱག་དགོས་འདུག དེ་མ་གཏོགས། ཉེན་ཁ་ཞིག་མཐོང་གི་འདུག དེར་བརྟེན་ཚང་མས་དེ་སེམས་ལ་བཞག་རོགས་ཞེས་འབོད་སྐུལ་ཞུས་སོང་།

མཇུག་མཐར་ཁོང་གིས། དེ་རིང་གྲོས་ཚོགས་འདི་ཚོགས་གཙོ་ལམ་སྟོན་འོག་ཏུ། ཚང་མས་ཡག་ཐག་ཆོད་གནང་སོང་། ཁ་ཤས་ཤིག་མིག་ལ་མ་མཛེས་པ་དེ་འདྲ་བྱུང་ཡོད་རྒྱུ་རེད། སྤྱི་ཡོངས་ནས་ཡག་ཐག་ཆོད་གནང་སོང་། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ལེགས་པའི་ངང་མཇུག་བསྡུས་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།