25
Thu, Apr

༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་ཐད་བསམ་ཚུལ་བརྗོད་མཁན་གྱི་གཞོན་སྐྱེས་ཁག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༡་ཚེས་༣་ཉིན་སྤེལ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་གཞོན་སྐྱེས་ཉེར་གཅིག་ལ་སྤྱི་ལོ་༢༠༢༡ལོའི་སྲིད་སྤྱི་འོས་མི་དང་འབྲེལ་བའི་གཤམ་གསལ་དྲི་བ་གཉིས་ཀྱི་ཐད་ལ་བཅར་འདྲི་བྱས་ཡོད།

དང་པོ། ཁྱེད་ཀྱིས་༢༠༢༡ལོའི་སྲིད་སྐྱོང་ལ་མི་ག་འདྲ་ཞིག་སླེབས་ན་འདོད།

གཉིས་པ། ཁྱེད་ཀྱིས་༢༠༢༡ལོའི་སྤྱི་འཐུས་ལ་ཆ་རྐྱེན་ཅི་ཞིག་འཛོམས་དགོས་པར་འདོད།

 

  བཅོ་ལྔ་པ། ཆོས་བཟང་ལྷ་མོ། སྦེང་ལོར་ཁྲིམས་ཀྱི་མཐོ་སློབ།    

  སྲིད་སྐྱོང་། - ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པས་ངོས་ནས་བཤད་ན། སྲིད་སྐྱོང་ནི་དེང་དུས་ཀྱི་ཤེས་ཡོན་ཡོད་དགོས་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་དང་དཔུང་པ་མཉམ་གཤིབ་ཀྱིས་རང་མི་རིགས་ཀྱི་རྩ་དོན་རྩོད་ཐུབ་པ་དང། བསམ་ཕོད་པ། གླེང་ཕོད་པའི་ཤེས་འཇོན་གཉིས་ལྡན་ཞིག་དགོས།

སྤྱི་འཐུས། - སྤྱི་འཐུས་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་གནས་སྟབས། གནའ་དེང་ཟུང་འབྲེལ་ཀྱི་ཤེས་ཡོན་དང་ཐབས་ཇུས་ལ་བྱང་ཆུབ་བ་ཞིག་དགོས། དེ་འདྲ་བྱུང་ན་བོད་མི་མང་ལ་འདྲ་མཉམ་གྱི་དྲང་བདེན་འཐོབ་པ་དང་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་གོམ་པ་རྒྱག་ཐུབ།

   བཅུ་དྲུག་པ། ཚེ་བརྟན་སྐལ་བཟང་། ལྡི་ལི་སློབ་ཆེན།

  སྲིད་སྐྱོང་། - ངའི་༢༠༢༡་ལོའི་སྲིད་སྐྱོང་ནི། རྒྱལ་སྤྱིའི་སྟེང་ལ་བོད་དོན་གོ་རྟོགས་དང་དྲིལ་བསྒྲགས་གང་ཐུབ་སྤེལ་ཐུབ་མཁན་ཞིག་ཡིན་དགོས་པ་མ་ཟད། བོད་མི་མང་ལའང་བོད་དོན་དང་ཆབ་སྲིད་ཐོག་གོ་རྟོགས་སྤེལ་ཐུབ་མཁན་དང་སློབ་སྦྱོང་སྤྲོད་ཐུབ་མཁན་ཞིག་དགོས།

སྤྱི་འཐུས། - ངའི་༢༠༢༡་ལོའི་སྤྱི་འཐུས་ནི། ལྷག་བསམ་རྣམ་དག་གིས་བོད་མི་མང་གི་བདེ་དོན་བསམ་མཁན་དང་གླེང་ཐུབ་མཁན་ཞིག་དགོས། དེ་མིན་གོ་སྐབས་བྱུང་ཚད་ལ་གཞན་སྐྱོན་དང་མ་འགྲིག་པ་ཁོ་ན་གླེང་མཁན་ཞིག་མི་དགོས།

  བཅུ་བདུན་པ། ཚེ་རིང་མཐར་ཕྱིན། ཐེ་ཝན།

  སྲིད་སྐྱོང་། - ༢༠༢༡་ལོའི་སྲིད་སྐྱོང་ནི། ༸གོང་ས་མཆོག་གི་བཀའ་དགོངས་གཞི་བཟུང་ཐོག་ནས་ཕྱག་ལས་གནང་མཁན་ཞིག་ཡིན་དགོས། བོད་ནང་གི་བོད་མི་རྣམས་ཀྱིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་དང་། རེ་བ། དད་པ་ཡོད་པ་རྣམས་མུ་མཐུད་ནས་རྒྱུན་སྐྱོང་ཐུབ་མཁན་ཞིག་དགོས། བཙན་བྱོལ་བོད་མི་ཡི་མཐུན་སྒྲིལ་གོང་འཕེལ་དང་། བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་ལེགས་པོར་བྱེད་ཐུབ་མཁན་ཞིག རྒྱལ་སྤྱིའི་སྡིངས་ཆ་སྟེང་དུ་བོད་དོན་གོ་རྟོགས་སྤེལ་ཐུབ་མཁན་ཞིག་བཅས་དགོས།

སྤྱི་འཐུས། - ངའི་བསམ་ཚུལ་ལ་སྤྱི་འཐུས་རྣམས་ཀྱིས་རང་ཉིད་ཀྱི་ཤེས་ཡོན་སྤུ་ཚད་གོང་སྤེལ་གཏོང་དགོས་པར་འདོད། གྲོས་ཚོགས་སུ་སྤྱི་འཐུས་གནང་ནས་ལོ་མང་པོ་འགོར་མཁན་མང་པོ་འདུག ངས་༢༠༢༡་ལོའི་སྤྱི་འཐུས་ནི་ཤེས་ཡོད་ལྡན་པ་དང་། གཞོན་སྐྱེས། འོས་ཆོས་ལྡན་པའི་སྤྱི་འཐུས་གསར་བར་རེ་བ་བྱེད་ཀྱིན་ཡོད། དམིགས་བསལ་གྱིས་སྤྱི་འཐུས་རྙིང་པ་ཚོར་དྲི་བ་ཞིག་ཡོད་པ་ནི། ཁོ་ཚོ་མང་པོ་ཞིག་ལ་མཚོན་ན། རང་ཉིད་ཀྱི་བྱིས་པ་ཚོར་བོད་དོན་གོ་རྟོགས་སྤེལ་བ་དང་དོ་སྣང་མི་འདུག གལ་སྲིད། སྤྱི་འཐུས་ཤིག་གིས་རང་ཉིད་ཀྱི་ཁྱིམ་ཚང་ལེགས་པོ་ཞིག་སྐྱོང་མ་ཐུབ་ན། རྒྱལ་ཁབ་འགོ་ཁྲིད་རྒྱུར་་ཇི་ལྟར་རེ་བ་བྱེད།

  བཅོ་བརྒྱད་པ། ཚེ་རིང་སྐལ་ལྡན། ཇ་ཝ་ཧ་ལ་ནེ་རོའི་སློབ་ཆེན།

  སྲིད་སྐྱོང་། - སྤྱིར ༢༠༢༡་ལོའི་སྲིད་སྐྱོང་འོས་མི་ནང་དུ་ལོ་མང་རིང་ང་ཚོའི་སྤྱི་ཚོགས་ནང་དུ་ལས་དོན་བསྒྲུབས་ནས་ཉམས་མྱོང་ཕྱུག་པོ་ཡོད་མཁན་མང་པོ་འདུག འོན་ཀྱང་། རྒྱལ་ཁབ་གཅིག་གི་སྲིད་སྐྱོང་ནི་ལས་འགན་ཧ་ཅང་ཆེན་པོ་དང་མི་མང་གིས་རེ་འདོད་ཆེན་པོ་བཅངས་པའི་མི་སྣ་ཞིག་རེད། གཞན་ལ་བརྩི་བཀུར་བྱེད་མཁན་གྱི་སྲིད་སྐྱོང་ཞིག་གིས་རང་ཉིད་ཀྱི་ལས་འགན་ལེགས་པོ་བསྒྲུབ་ཐུབ། རང་དབང་དང་བསམ་བློ་རྒྱ་ཆེན་ལྡན་པའི་སྲིད་སྐྱོང་ཞིག་དགོས། སྲིད་སྐྱོང་ནི་རྒྱལ་ཁབ་ཀྱི་སྐུ་ཚབ་ཡིན་ཕྱིར་སྐད་རིགས་གང་གི་ནང་དུ་གསུང་བཤད་གནང་གི་ཡོད་རུང་གོ་བདེ་པོ་ཡོད་དགོས། དེ་བཞིན། སྲིད་སྐྱོང་བར་ལས་འཆར་དང་འཆར་གཞི་ངེས་ཅན་ཡོད་པའི་སྲིད་སྐྱོང་ཞིག་དགོས།

སྤྱི་འཐུས། - རང་ཉིད་ལ་མཚོན་ན། སྤྱི་འཐུས་ནི་བསམ་བློ་རྒྱ་ཆེན་གཏོང་མཁན་དང་། བོད་མི་རྣམས་འདྲ་མཉམ་གྱི་ལྟ་རྟོག་བྱེད་མཁན་ཞིག་དགོས། གཞོན་སྐྱེས་དང་ཉམས་མྱོང་གིས་ཕྱུག་པའི་སྤྱི་འཐུས་ཀྱིས་གསར་གཏོད་དང་བསམ་བློ་གསར་པ་ཁྱེར་ཡོང་ཐུབ། དེས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས། ཕྱིར་ལྟ་ཞིག་བྱས་ན། ང་ཚོའི་སྤྱི་འཐུས་རྙིང་པ་མང་པོ་ཞིག་ནི་རྙིང་ཞེན་དང་ཆོལ་ཁའི་རྙོག་འཛིང་ཐད་ལ་དོ་སྣང་མང་བར་སྤྲད་ཡོད། འདི་ནི་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་མེད་པ་མ་ཟད། ཕྱོགས་མང་པོ་ནས་ཉམས་རྒུད་དུ་འགྲོ་བའི་རྐྱེན་དུ་གྱུར་ཡོད། མཐའ་མ་དེར། སྲིད་སྤྱི་གཉིས་ཚད་དང་ལྡན་པ་ཞིག་ཡོང་བར་ང་ཚོ་མི་རེ་ངོ་རེར་རག་ལས་ཡོད། དམིགས་བསལ་གྱིས་རང་ལོ་༡༨་ཡན་གྱི་འོས་ཤོག་འཕེན་མཁན་གྱི་བོད་མིར་རག་ལས་ཡོད། དེར་བརྟེན། བོད་ཀྱི་རྩ་དོན་ཆེད་དུ་འོས་འཕེན་པ་ནི་ང་ཚོའི་ཐོབ་ཐང་དང་ལས་འགན་ཡིན།

   བཅུ་དགུ་པ། བདེ་ཆེན་ཆོས་འཛོམས། ཅོན་ཏཱ་ར།

  སྲིད་སྐྱོང་། - ངའི་བསམ་ཚུལ་ནི་སྲིད་སྐྱོང་འོས་མི་ཁོང་ཚོའི་གྲས་ནས་སུར་རྒྱལ་ཁ་ཐོབ་པ་ཡིན་ནའང་། ང་ཚོ་ཚང་མས་རྒྱབ་སྐྱོར་བྱེད་དགོས་པར་འདོད། སྲིད་སྐྱོང་ལ་ཚང་དགོས་པའི་ཆ་རྐྱེན་དང་པོ་ནི། སྲིད་སྐྱོང་གིས་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་མཁན་ཞིག་དགོས་པ་ལས་བོད་མི་ཁ་གཏོར་གཏོང་མཁན་ཞིག་ཡིན་མིན་རུང་། གཞན། སྲིད་སྐྱོང་ཞིག་ཡིན་དུས་དཀའ་ངལ་མང་པོ་འཕྲད་སྲིད་པ་རེད། དེར་བརྟེན། དཀའ་ངལ་དེ་དག་ཆེན་པོ་མི་བཟོ་བའི་ཐོག་ལེགས་པོ་སེལ་བའི་ནུས་པ་ལྡན་དགོས། གང་ཞིག་བཤད་ཀྱི་ཡོད་ནའང་གསལ་པོ་དང་དོན་གནད་བཤད་ཐུབ་ན། མི་མང་གི་འདོད་བློའང་སྐོང་ཐུབ་ངེས། སྲིད་སྐྱོང་ནི་རང་གི་སྐད་ཡིག་ཐོག་སྐད་ཆ་ཤོད་རྒྱུར་ཐོགས་པ་མེད་པ་དགོས། དེས་བོད་ཕྲུག་ཚོའང་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་ཀྱི་རེད། དེ་བཞིན་དབྱིན་ཡིག་ཀྱང་ཡག་པོ་ཤེས་མཁན་ཞིག་དགོས།

སྤྱི་འཐུས། - སྤྱི་འཐུས་ནི་བོད་གཞུང་དང་མི་མང་བར་གྱི་ཟམ་པ་ལྟ་བུ་རེད། གཞུང་གིས་ཐག་གཅོད་གང་གནང་ཡོད་པ་དེ་དག་མི་མང་ལ་གསལ་བསྒྲགས་བྱེད་ཐུབ་དགོས། སྤྱི་འཐུས་ནི། བོད་མི་མང་གི་བདེ་སྡུག་གལ་གནད་དུ་བཟུང་མཁན་ཞིག་ཡིན་དགོས་པ་ལས་མིང་དང་། གོ་གནས། མིང་གྲགས་གཉེར་མཁན་ཞིག་ཡིན་མིན་རུང་། 

  ཉི་ཤུ་པ། བཀྲ་ཤིས་དོན་གྲུབ། རྡ་ས།

  སྲིད་སྐྱོང་། - སྲིད་སྐྱོང་ནི། གང་གསུང་བ་དེ་ལག་ལེན་དུ་བསྟར་མཁན་ཞིག་དང། བོད་རང་དབང་ལ་ཡིད་ཆེས་ཡོད་མཁན་ཞིག རང་ཐག་རང་གིས་གཅོད་ཐུབ་མཁན་ཞིག གཞུང་ནི་མི་མང་གིས་སྐྱོང་བ་དང་། མི་མང་ལ་དབང་བ། མི་མང་གི་ཆེད་དུ་ཡིན་པ་བཅས་ཀྱི་མང་གཙོའི་ལྟ་གྲུབ་སྟོན་མཁན་ཞིག་དགོས། ད་དུང་། སྲིད་སྐྱོང་ནི་སྲིད་དབང་བཟུང་ནས་མི་མང་ལ་བཀའ་གཏོང་མཁན་ཙམ་ཞིག་མིན་པར་མི་མང་དང་མཉམ་དུ་བོད་པའི་འཐབ་རྩོད་ལ་སྣེ་འཁྲིད་ཐུབ་མཁན་ཞིག་དགོས། གཞན་ཡང་། བོད་མིའི་བདེ་སྡུག་རང་གི་བདེ་སྡུག་གི་སྔོན་དུ་འཇོག་ཐུབ་མཁན་ཞིག་དང་། གོ་གནས་ལས་ལས་ཀ་མང་བ་བྱས་ཡོད་མཁན་ཞིག རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ནང་དུ་མཉམ་ཞུགས་དང་སྣེ་འཁྲིད་མཁན་ཐུབ་ཞིག ལྟ་བ་དང་ལངས་ཕྱོགས་འདྲ་མིན་གྱི་མཛེས་སྡུག་ལ་ཡིད་ཆེས་བྱེད་མཁན་ཞིག་དགོས།

སྤྱི་འཐུས། - སྤྱི་འཐུས་ནི། རྒྱལ་ཁབ་ཀྱི་ཁེ་ཕན་ནི་ཚོགས་པ་ཆུང་ཆུང་ཁག་གི་ཁེ་ཕན་ལས་གལ་གནད་འཛིན་མཁན་ཞིག་དང་། སྐད་ཡིག་སྣ་ཚོགས་ཤེས་མཁན་ཞིག བོད་དོན་དང་བོད་མིའི་ཆེད་དུ་བྱས་རྗེས་བཞག་མྱོང་མཁན་ཞིག ཁ་བཤད་ལག་ལེན་ཐུབ་མཁན་ཞིག མང་གཙོའི་ལྟ་གྲུབ་ཡོད་མཁན་ཞིག།སྤྱི་སེམས་ཆེ་ཞིང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་ཞིག་དགོས། བོད་མི་ཡོངས་ལ་ཤ་ཞེན་ཡོད་མཁན་ཞིག ལྟ་བ་དང་ལངས་ཕྱོགས་འདྲ་མིན་གྱི་མཛེས་སྡུག་ལ་ཡིད་ཆེས་བྱེད་མཁན་ཞིག་བཅས་དགོས།

  ཉེར་གཅིག་པ། བཀྲ་ཤིས། ལྡི་ལི་སློབ་ཆེན།

  སྲིད་སྐྱོང་། - འགོ་ཁྲིད་བཟང་པོ་ཞིག་ནི་རྣམ་དཔྱོད་དང་བཟང་སྤྱོད་ལྡན་པ་ཞིག་དགོས། སྲིད་སྐྱོང་ནི་དབང་ཆ་འཛིན་མཁན་ཞིག་ཡིན་པར་བརྟེན་ངེས་པར་དུ་མི་ཚད་ལྡན་ཞིག་དགོས་པ་ལས་དབང་ཚད་ཁོ་ནར་དམིགས་མཁན་ཞིག་ཡིན་མི་རུང་། སྲིད་སྐྱོང་ལ་ཚང་དགོས་པའི་ཆ་རྐྱེན་ཁག་ཅིག་ནི། གཞན་ལ་གུས་བརྩི་ཞུ་མཁན་ཞིག་དང་གཞན་གྱི་བསམ་ཚུལ་ལ་ཉན་མཁན། ཡང་དག་པའི་དབུ་ཁྲིད་ནི་མི་མང་གི་འགོ་ཁྲིད་ཐུབ་མཁན་དང་ལས་འགན་སྒྲུབ་ཐུབ་མཁན་ཞིག་དགོས་པ་ལས། གཞན་ལ་སྐྱོན་བརྗོད་ཁོ་ན་བྱེད་མཁན་ཞིག་ཡིན་མི་རུང་། དེར་བརྟེན། གཞན་གྱི་སྐྱོན་འཚོལ་བ་ལས་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་བ་ལེགས། གཞན་ཡང་། སྲིད་སྐྱོང་ནི། གཞན་གྱི་ལས་དོན་ལེགས་པོ་བསྒྲུབ་ན་བསྟོད་པ་བྱེད་མཁན་ཞིག་ཡིན་དགོས་པ་ལས་དམ་བཅའ་རྫུན་མ་དང་ཧམ་རྩོད་བྱེད་མཁན་ཞིག་ཡིན་མི་རུང་། སྲིད་སྐྱོང་གིས་སྒེར་གྱི་ཤ་འཁོན་རྩོད་པའི་ཆེད་དུ་དབང་ཆ་བེད་སྤྱོད་ལོག་པར་གཏོང་མི་རུང་། སྒེར་གྱི་གནད་དོན་དབང་གིས་ཕར་ཕྱོགས་ལ་སེམས་ངན་བཅངས་བའི་ཚབ་ཏུ་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས། གལ་སྲིད། མ་འོངས་སྲིད་སྐྱོང་གིས་བསམ་བློ་དང་འདོད་ཚུལ་དེ་ཚོ་ལག་བསྟར་བྱེད་ཐུབ་པ་ཡིན་ན། མི་སྒེར་དང་མི་མང་གིས་བརྩི་བཀུར་དང་ཡིད་སྨོན་བྱེད་སའི་སྒྲིག་འཛུགས་ཤིག་འཛིན་སྐྱོང་བྱེད་ཐུབ།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།