18
Thu, Apr

༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་ཐད་བསམ་ཚུལ་བརྗོད་མཁན་གྱི་གཞོན་སྐྱེས་ཁག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༢༦ཉིན། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་གཞོན་སྐྱེས་ཉེར་གཅིག་ལ་སྤྱི་ལོ་༢༠༢༡ལོའི་སྲིད་སྤྱི་འོས་མི་དང་འབྲེལ་བའི་གཤམ་གསལ་དྲི་བ་གཉིས་ཀྱི་ཐད་ལ་བཅར་འདྲི་བྱས་ཡོད།

དང་པོ། ཁྱེད་ཀྱིས་༢༠༢༡ལོའི་སྲིད་སྐྱོང་ལ་མི་ག་འདྲ་ཞིག་སླེབས་ན་འདོད།
གཉིས་པ། ཁྱེད་ཀྱིས་༢༠༢༡ལོའི་སྤྱི་འཐུས་ལ་ཆ་རྐྱེན་ཅི་ཞིག་འཛོམས་དགོས་པར་འདོད།

  བརྒྱད་པ། ཡེ་ཤེས་ལྷ་མོ། (ནོར་བུ་གླིང་ག)  

 སྲིད་སྐྱོང་། - བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་གནས་བབ་རྟོགས་ཐུབ་མཁན་ཞིག་དང་། བོད་ནི་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལྟར། དེ་གཞི་བཟུང་གིས་ཕྱག་ལས་གནང་མཁན་ཞིག་དགོས། རྒྱལ་ཁབ་གཞན་དང་འབྲེལ་བ་འཛུགས་ཐུབ་པ་དང་རང་མི་རིགས་ལ་སྤོབས་པ་དང་ཕུགས་འདུན་སྐྲུན་ཐུབ་མཁན་ཞིག་དགོས།

སྤྱི་འཐུས། -་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་མཁན་ཞིག་དང་། བཙན་བྱོལ་བ་སྤྱིའི་གནས་བབ་ཡར་རྒྱས་གཏོང་ཐུབ་མཁན། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་ལ་འབྲེལ་བ་འཛུགས་ཐུབ་མཁན་བཅས་ཀྱི་སྤྱི་འཐུས་ཤིག་དགོས།

 དགུ་པ། བཀྲ་ཤིས་རྣམ་རྒྱལ། (རྡ་ས།)   

 སྲིད་སྐྱོང་། - ང་རང་ལ་མཚོན་ན། ༢༠༢༡་ལོའི་སྲིད་སྐྱོང་ལ་ཆ་རྐྱེན་གསུམ་ཚང་དགོས་པར་འདོད། དང་པོ། གནས་སྟངས་གཞིར་བཟུང་གིས་འགོ་ཁྲིད་ཐུབ་མཁན་གྱི་སྲིད་སྐྱོང་ཞིག་དགོས། སྲིད་སྐྱོང་ནི་རྒྱལ་ཁབ་ཅིག་གི་མཚོན་རྟགས་ཡིན། འོན་ཀྱང་། ང་ཚོའི་ད་ལྟའི་གནས་སྟངས་དང་རྒྱལ་ཁབ་གཞན་གྱི་གནས་སྟངས་གཅིག་པ་མིན་ཙང་། རྒྱལ་ཁབ་གཞན་གྱི་སྲིད་སྐྱོང་གིས་བྱེད་སྟངས་ལྟར་བྱེད་རྒྱུའི་འབད་བརྩོན་བྱེད་མི་རུང་། གཉིས་པ། མི་སུ་ཞིག་ཡིན་རུང་ནོར་འཁྲུལ་བྱེད་སྲིད་པ་རེད། གལ་སྲིད་སྲིད་སྐྱོང་གིས་ནོར་འཁྲུལ་བྱས་པ་ཡིན་ན། དགོངས་དག་ཞུ་བའི་གདེང་ཚོད་དགོས་ཡོད། གསུམ་པ། ༢༠༢༡་ལོའི་སྲིད་སྐྱོང་གིས་བོད་ནང་གི་གནས་སྟངས་ཀྱི་སྐོར་ཁ་ནས་བཤད་པ་ཙམ་མིན་པར་དོན་དངོས་ཐོག་ལྟ་རྟོག་བྱེད་དགོས་པར་འདོད།

སྤྱི་འཐུས། - བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ནི་ཆོལ་ཁ་དང་ཆོས་ལུགས་སོགས་ནས་སླེབས་ཀྱི་ཡོད་ཀྱང་། སྤྱི་འཐུས་ཆགས་ཚར་རྗེས་བོད་མི་ཡོངས་ཀྱི་བདེ་སྡུག་ལ་ལྟ་རྟོག་བྱེད་དགོས་པ་གལ་ཆེ། ང་ཚོ་ནི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་ཙང་། ཆབ་སྲིད་ཐོག་ལས་འགུལ་མང་བར་སྤེལ་མཁན་གྱི་སྤྱི་འཐུས་སླེབས་ན་ལེགས་པར་མཐོང་། སྤྱི་འཐུས་ནི་མི་མང་ལ་ཞབས་ཞུ་སྒྲུབ་མཁན་ཡིན་སྟབས། ཁོ་ཚོས་ངེས་པར་དུ་མར་བབ་ནས་མི་མང་གི་མངོན་འདོད་ལ་ལྟ་དགོས་ཡོད། འདི་དག་ནི་ང་རང་གི་ཡིད་སེམས་གཙང་མའི་བསམ་ཚུལ་ཡིན།

 བཅུ་པ། ཡི་པོ། ལྡི་ལི་སློབ་ཆེན། 

 སྲིད་སྐྱོང་། - སྲིད་སྐྱོང་ནི་བོད་དོན་འཐབ་རྩོད་ཐོག་ཐབས་ལམ་གསར་པ་འཚོལ་ཐུབ་མཁན་ཞིག་དང་བོད་བདེན་མཐའ་གསལ་ཆེད་ཐབས་ཇུས་གསར་བ་འདོན་ཐུབ་མཁན་ཞིག གཞུང་འབྲེལ་མིན་པའི་ཚོགས་པའི་ལས་འགུལ་བ་ཚོར་ཆེ་མཐོང་སྤྲོད་མཁན་ཞིག་དང་། འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་ཏེ་རྒྱ་ནག་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་ཞིག བཙན་བྱོལ་བོད་གཞུང་ཡུན་གནས་ཐུབ་ཆེད་བཙན་བྱོལ་བོད་མིའི་འཚོ་བ་ཡར་རྒྱས་གཏོང་ཐུབ་མཁན་ཞིག་དང་། ཕྱི་རྒྱལ་ལ་འགྲོ་མཁན་བོད་མི་ཚོ་འགོག་ཐུབ་མཁན་གྱི་སྲིད་སྐྱོང་ཞིག་དགོས་འདུག

སྤྱི་འཐུས། - སྤྱི་འཐུས་ནི་བོད་དོན་གྱི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་མཁན་ཞིག་དང་ཆབ་སྲིད་ཐད་ལ་དོ་སྣང་མང་ཙམ་སྤྲོད་མཁན་ཞིག་དགོས་པ་མ་གཏོགས། བོད་མི་མང་སྤྱི་འཐུས་ཀྱི་ར་བའི་ནང་དུ་སྤྱི་འཐུས་ཕན་ཚུན་ལ་ཁ་གཏད་གཅོག་མཁན་ཁོ་ན་ཞིག་མི་དགོས།

 བཅུ་གཅིག་པ། ཚེ་དབང་རྣམ་རྒྱལ། (ཀེ་རེ་ལ་འཛིན་སྐྱོང་དང་འཕྲུལ་རིག་མཐོ་སློབ།) 

 སྲིད་སྐྱོང་། - ༢༠༢༡་ལོའི་སྲིད་སྐྱོང་ནི་ང་ཚོ་མ་འོངས་པའི་དཀའ་ངལ་གྱི་ཁྲོད་ནས་འགོ་ཁྲིད་ཐུབ་མཁན་ཞིག་དང་གདེངས་ཚོད་ལྡན་པའི་སྲིད་སྐྱོང་ཞིག་དགོས། དེ་བཞིན་ཁ་ཐོར་དུ་ཡོད་པའི་བོད་མི་རྣམས་ཀྱི་དགོས་མཁོ་གསལ་སྟོན་བྱེད་ཐུབ་མཁན་ཞིག་དང་གནད་དོན་གང་ཡིན་རུང་ཐག་གཅོད་ལེགས་པོ་བྱེད་ཐུབ་པའི་ནུས་པ་ལྡན་མཁན་ཞིག་དགོས།

སྤྱི་འཐུས། - བོད་མི་མང་གིས་ཡིད་ཆེས་བྱས་ནས་འདེམས་ཐོན་བྱུང་བའི་སྲིད་སྐྱོང་ལ་བརྩི་བཀུར་ཞུ་མཁན་གྱི་སྤྱི་འཐུས་ཞིག་དང་། ཕྱོགས་རིས་ཀྱི་བསམ་བློ་མེད་པའི་ཐོག་ནས་གང་ལའང་དྲི་བ་འདོན་ཐུབ་མཁན་གྱི་སྤྱི་འཐུས་ཤིག་དགོས།

 བཅུ་གཉིས་པ། བསྟན་འཛིན་ཆོས་འཛོམས། (ལྡི་ལི་སློབ་ཆེན།) 

 སྲིད་སྐྱོང་། - སྲིད་སྐྱོང་ལ་ཆ་མཚོན་ན། ཤེས་འཇོན་སྣ་འཛོམས་དགོས་པ་ཤིན་ཏུ་གལ་གནད་ཆེན་པོར་མཐོང་། ཤེས་ཡོན་ཁོ་ན་མིན་པར་སྤྱི་ཚོགས་ག་འདྲ་ཞིག་ལ་འབྲེལ་མཐུན་ལེགས་པར་བཟོ་མཁན་ཞིག་དང་དམིགས་གསལ་གྱི་ང་རང་ཚོའི་སྤྱི་ཚོགས་འདི་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཐོག་མི་རིགས་ཀྱི་ལ་རྒྱ་ལྡན་པའི་མི་ཞིག་དགོས་ངེས་ཆེ། སྲིད་སྐྱོང་ནི་ལུང་པ་གཞན་བཞིན་དབུ་ཁྲིད་ལྟ་བུ་ཡིན་པས་དེ་ལ་སོ་སོ་ངོས་ནས་དྲང་བདེན་དང་མི་རིགས་ཀྱི་ལ་རྒྱ། དེ་བཞིན་སྤྱི་ཚོགས་འཆམ་མཐུན་དང་ཡུལ་གྲུ་ཀུན་དང་མཐུན་པའི་མཉམ་ལས་གནང་ཐུབ་ཞིག་དགོས་ངེས་ཆེ། ང་ཚོའི་རིག་གཞུང་རྩ་ཆེན་འདིའི་ཐོག་རྒྱལ་ཁབ་གཞན་དང་མཉམ་དུ་འབྲེལ་མཐུན་ལེགས་པར་དགོས་རྒྱུ་བཅས་རྒྱལ་ཁབ་ཞིག་སྐྱོང་བར་ལ་མི་གཞན་དང་མི་འདྲ་ཁྱད་ཆོས་ལེགས་པར་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ། རང་ཉིད་ལ་མཚོན་ན་སྲིད་སྤྱི་ཀྱི་འོས་བསྡུས་འདི་གལ་གནད་ཆེན་པོ་ཞིག་མཐོང་གི་འདུག དམིགས་གསལ་གྱི་ད་ལྟའི་ང་ཚོའི་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་རྒྱུ་དང་འོས་ཤོག་བླུགས་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེན་པོ་ཞིག་ཆགས་འདུག

སྤྱི་འཐུས། - སྤྱི་འཐུས་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་མེད་མཁན་ཞིག་དང་། ཤེས་འཇོན་གཉིས་ལྡན་དང་བསམ་བློ་རྒྱ་ཆེན་གཏོང་མཁན་ཞིག་དགོས། སྤྱི་འཐུས་ནི་རྒྱལ་ཁབ་གཅིག་གི་འཐུས་མི་ཡིན་པའི་ཆ་ནས་ཤེས་ཡོན་ལེགས་པོ་དགོས་པ་མ་ཟད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡང་དགོས། ལས་ཀ་གང་འདྲ་བྱེད་ཀྱི་ཡོད་ཀྱང་ལྷག་བསམ་དང་སྤྱི་སེམས་ཡོད་དགོས། དེ་བཞིན་གཞན་གཅེས་འཛིན་གྱི་བསམ་བློ་ཡོད་མཁན་ཞིག་དགོས།

 བཅུ་གསུམ་པ། དབྱངས་ཅན་ལྷ་མོ། (བྷ་རོ་ཌ་མཐོ་སློབ།) 

 སྲིད་སྐྱོང་། - ༢༠༢༡་ལོའི་སྲིད་སྐྱོང་གི་འོས་མི་ནི། བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཆིག་སྒྲིལ་བྱེད་པའི་ནུས་པ་ལྡན་དགོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། ཞེས་བརྗོད་པ་བཞིན། ང་ཚོའི་མཐུན་སྒྲིལ་གྱི་ནུས་སྟོབས་ཀྱིས་གནད་དོན་སེལ་ཐུབ་པའི་ཡིད་ཆེས་ཡོད། གཞན་ཡང་། བོད་དོན་ཐོག་གོ་རྟོགས་ཡོད་མཁན་ཞིག་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གོ་རྟོགས་ལེགས་པོ་ཡོད་དགོས། གང་ཡིན་ཟེར་ན། བོད་དོན་བདེན་མཐའ་གསལ་བར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

སྤྱི་འཐུས། - སྤྱི་འཐུས་ལ་སྤྱི་ཕན་གྱི་བསམ་བློ་དང་ཤེས་འཇོན་ལྡན་དགོས་པ་མ་ཟད། བོད་པའི་གནས་སྟངས་དང་ཤེས་ཡོན་ལ་བསམ་གཞིགས་གཏིང་ཟབ་གཏོང་ཐུབ་མཁན་ཞིག་དགོས།

  བཅུ་བཞི་པ། པདྨ་སྒྲོལ་མ། (ཇ་ཝ་ཧ་ལ་ནེ་རོའི་སློབ་ཆེན།) 

 སྲིད་སྐྱོང་། - ཆོལ་ཁ་གང་ནས་ཡིན་རུང་བོད་མི་རྣམས་ཀྱི་མཐུན་སྒྲིལ་ལ་ཡིད་ཆེས་ཡོད་མཁན་ཞིག་དང་། ཤེས་ཡོན་དང་གང་སྤྱིའི་ཐད་ནས་ན་གཞོན་གྱི་ནུས་སྟོབས་གོང་འཕེལ་གཏོང་ཐུབ་མཁན་ཞིག་དགོས། སྲིད་སྐྱོང་འདིས་བཙན་བྱོལ་བོད་མི་གཅིག་པོ་མིན་པར་བོད་ནང་གི་བོད་མི་རྣམས་ཀྱི་སྐུ་ཚབ་མཚོན་ཐུབ་དགོས།

སྤྱི་འཐུས། - བོད་མི་མང་གི་སྤྱི་འཐུས་ནི། རྙོག་དྲ་བཟོ་མཁན་ཞིག་མིན་པར་བོད་མི་རྣམས་ཀྱི་དངོས་ཡོད་དཀའ་ངལ་ཐོག་སྐད་ཆ་བཤད་མཁན་ཞིག་ཡིན་དགོས། དེ་བཞིན། ང་ཚོའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་མེད་པའི་ཐོག་སྐད་ཆ་བཤད་མཁན་ཞིག་དང་། སྤྱི་ཚོགས་ནང་དུ་འཁྲིག་སྤྱོད་ཀྱི་བསུན་གཙེར་དང་ལོག་གཡོམ་ཀྱི་གནས་ཚུལ་སྦས་གསང་ཡོད་པ་རྣམས་ཕྱིར་འདོན་བྱེད་ཐུབ་མཁན་ཞིག་དགོས།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།