23
Tue, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༡༨་ཉིན། ཧི་མཱ་ཅལ་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༡༨་ཉིན། ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་སྐུ་ཚབ་རྣམ་པ་བཞུགས་སྒར་རྡ་སར་༸གོང་ས་མཆོག་ལ་མཇལ་ཁ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ལ་གཟིགས་སྐོར་ཕེབས་སོང་།

དེ་ཡང་། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་བྷན་ཌ་རུ་བྷ་ཊ་ཏི་རེ་ཡ་(Shril Bandaru Dattatreya)མཆོག་དང་སྐུ་ཚབ་རྣམ་པ་བཞུགས་སྒར་རྡ་སར་ཕེབས་ནས། དེ་རིང་། ཞོགས་པ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། སིམ་སྤྱི་བསྟན་འཛིན་ནོར་བུ་ལགས། རྡ་ས་ས་གནས་འགོ་འཛིན་སོགས་ཐུག་འཕྲད་གནང་འདུག དེའི་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཕེབས་ནས་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་ཁག་ཅིག་ལ་ཐུག་འཕྲད་གནང་སོང་།

སྲིད་སྐྱོང་བྷན་ཌ་རུ་བྷ་ཊ་ཏི་རེ་ཡ་མཆོག་༸གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས། ༸གོང་ས་མཆོག་གིས་རྒྱ་གར་གྱི་རིག་གཞུང་འཚེ་བ་མེད་པ་ (Ahimsa) དང་། སྙིང་རྗེའི་(Karuna)སྐོར། དེ་བཞིན། ཁོང་གིས་ནང་སེམས་དང་ཚན་རིག་གཉིས་ཀྱི་ཡར་རྒྱས་དོ་མཉམ་དགོས་པའི་སྐོར་བཀའ་སློབ་གནང་འདུག་པ་མ་ཟད། རྒྱ་གར་སློབ་གྲྭ་ཁག་གི་ནང་དེང་དུས་ཤེས་ཡོན་མཉམ་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སེམས་ཁམས་རིག་པའི་ལྟ་གྲུབ་སོགས་སློབ་འཁྲིད་བྱེད་ཐུབ་ན། དེང་དུས་ཀྱི་དཀའ་ངལ་མང་དག་ཅིག་སེལ་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་སོགས་བཀའ་སློབ་ཀྱང་གནང་འདུག

དེའི་རྗེས། བཀའ་ཤག་གི་ཚོགས་ཁང་དུ་མཇལ་འཕྲད་གནང་སྐབས། སྲིད་ཚབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་དང་། རྒྱ་གར་ནང་གི་དགོན་སྡེ་ཁང་གི་སྐོར་སོགས་འགྲེལ་བཤད་གནང་བ་དང་། དེ་བཞིན། རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེ་གཞུང་གི་ངོས་ནས་༢༠༡༤་ལོའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་(Tibetan Rehabilitation Policy Act 2014) གཏན་འབེབས་ཀྱིས་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་འདུག དེ་ནས་སྲིད་སྐྱོང་་བྷན་ཌ་རུ་བྷ་ཊ་ཏི་རེ་ཡ་མཆོག་བོད་མིའི་ཤེས་ཡོན་དང་གཞན་དགོས་མཁོ་སོགས་ཀྱི་གང་ཐུབ་ཀྱི་རོགས་རོམ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

དེ་ནས། སྲིད་སྐྱོང་བྷན་ཌ་རུ་བྷ་ཊ་ཏི་རེ་ཡ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་ནས་སྤྱི་འཐུས་ཚོགས་གཞོན་ཨརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་རྣམ་པ་ཐུག་འཕྲད་གནང་སོང་། དེའི་སྐབས། སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཞིག་དང་། བོད་མི་ཚོས་མུ་མཐུད་ནས་བོད་ཀྱི་བདེན་མཐའ་སེལ་ཆེད་དུ་དཀའ་ལས་རྒྱག་བཞིན་ཡོད་སྐོར། དེ་བཞིན། རྒྱ་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་སྐོར་སོགས་གསུངས་སོང་།

དེའི་རྗེས། སྲིད་སྐྱོང་བྷན་ཌ་རུ་བྷ་ཊ་ཏི་རེ་ཡ་མཆོག་གིས་བོད་ཀྱི་གནད་དོན་དེང་སང་རྒྱལ་སྤྱིའི་གནས་བབ་ཏུ་གྱུར་ཐུབ་པར་དགའ་སྤྲོ་སྐྱེས་སོང་། བོད་ཀྱི་གནད་དོན་ནི་གཞན་ཞིག་གི་གནད་དོན་རེད་ནམ་ཡང་བསམ་མྱོང་མེད། དེ་ནི་ཧི་མ་ཆའི་གནད་དོན་ཞིག་རྩིས་བཞིན་ཡོད་ཅེས་དང་། དེ་བཞིན་བོད་ཀྱི་བདེན་མཐའ་སེལ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་སོགས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།