19
Fri, Apr

༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དང་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༤་ཚེས་༢༥་ཉིན། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དགུང་གྲངས་༣༤ ཕེབས་པའི་འཁྲུངས་སྐར་ཉིན་དང་བསྟུན། ཡུ་རོབ་རྒྱལ་ཁབ་སི་པན་གྱི་གྲོས་ཚོགས་འཐུས་མི་༣༠་ཡིས་རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་པཎ་ཆེན་རིན་པོ་ཆེ་མཆོག་ལ་གཞི་རྩའི་རང་དབང་ལོངས་སུ་སྤྱོད་འཇུག་དགོས་པ་མ་ཟད། ཁོང་དང་ནང་མི། གཞན་བོད་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་བཙོན་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་། ཕྱི་ཟླ་༤་ཚེས་༢༥་ཉིན་ནི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཡང་ན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༤ ཕེབས་པའི་འཁྲུངས་སྐར་ཡིན་པས་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་ནའང། ཁོང་དགུང་ལོ་དྲུག་ལ་སོན་སྐབས་ཁོང་དང་ནང་མི། དགེ་རྒན་བཅས་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། དེར་བརྟེན། ད་ཆ་ཉིན་དེ་ནི་༧པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་བཙན་བཟུང་གིས་གར་སོང་ཆ་མེད་བཏང་བའི་དྲན་གསོའི་ཉིན་མོ་ཞིག་ཏུ་གྱུར་ཡོད།

འཛམ་གླིང་གང་སར་གནས་པའི་བོད་མི་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་དགོས་པའི་འབོད་སྐུལ་དང་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ཡིན། དེ་རིང་སི་པན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་༣༠་ཡིས་རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་པཎ་ཆེན་རིན་པོ་ཆེ་མཆོག་ལ་གཞི་རྩའི་རང་དབང་ལོངས་སུ་སྤྱོད་འཇུག་དགོས་པ་མ་ཟད། ཁོང་དང་ནང་མི། གཞན་བོད་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག

དེ་བཞིན། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mikulas Peksa) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཅུ་གཅིག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཇོ་སེབ་བྷོ་རེལ་(Josep Borrell) ལགས་སུ་ཡིག་འབྲེལ་ཕུལ་ཏེ་དེ་སྔོན་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་གར་སོང་ཆ་མེད་བཏང་བའི་གནད་དོན་སྐོར་རྒྱ་ནག་གཞུང་ལྷན་གྲོས་མོལ་བྱས་ཡོད་མེད་དང་། ཡོང་འགྱུར་འཚོག་འཆར་ཡོད་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཐབས་བྱུས་གྲོས་མོལ་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་དེ་འབྲེལ་གྲོལ་མོལ་གནང་འཆར་ཡོད་མེད། དེ་བཞིན་ཨ་རི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་བཞེངས་ཕྱོགས་ཁ་གསལ་བཟོ་འཆར་ཡོད་མེད་བཅས་ཀྱི་དྲི་བ་བཏང་ཡོད་འདུག

དེ་ཡང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་ལ་བསྒྲགས་གཏམ་ཞིག་སྤེལ་འདུག དེའི་ནང་དུ་འདི་ལྟར་འཁོད་དོན། དེ་རིང་ནི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཀྱི་ཉི་མ།) མཆོག་དགུང་ལོ་༣༤ ཕེབས་པའི་འཁྲུངས་སྐར་འཁེལ་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་སོན་པའི་སྐབས་ནང་མི་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་བཏང་སྟབས། སྐུའི་འཁྲུངས་སྐར་དེ་བཞིན་བོད་མི་རྣམས་ལ་མཚོན་ན་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་ནའང་ད་ཆ་ཉིན་དེ་ནི་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་བཙན་བཟུང་གིས་གར་སོང་ཆ་མེད་བཏང་བའི་དྲན་གསོའི་ཉིན་མོ་ཞིག་ཏུ་གྱུར་ཡོད།

༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ནི་ཕྱི་ལོ་ ༡༩༨༩ ཟླ་བ་ ༠༤ ཚེས་ ༢༥ ཉིན་བོད་མདོ་ཁམས་ནག་ཆུ་ལྷ་རིར་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་བ་ ༠༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་། གནང་སྒོ་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྟར་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་དོ་ཕོག་ཕྱིན་པས་ཕྱི་ལོ་ ༡༩༩༥ ཟླ་བ་ ༠༥ ཚེས་ ༡༧ ཉིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ནང་མི་སྐུ་འཁོར་བཅས་གར་སོང་ཆ་མེད་དུ་བཏང་སྟེ། ཁོང་ཉིད་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྱུར། ཞེས་བཀོད་འདུག

དེ་ནས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་བརྗོད་དོན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་༸ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གི་འཁྲུངས་སྐར་ཉིན་གང་ཉིད་སྐུ་ཁམས་འཕྲོད་བཞེས་བདེ་བའི་གསོལ་འདེབས་ཞུ་རྒྱུ་མ་ཟད། གོ་སྐབས་འདི་བརྒྱུད་ང་ཚོས་རྒྱལ་སྤྱིའི་སྲིད་གཞུང་དང་། གྲོས་ཚོགས། གཞུང་ཁོངས་མིན་པའི་ཚོགས་སྡེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག ནང་པའི་རྗེས་འབྲང་བ། དེ་བཞིན་མི་སྒེར་བ་སོགས་ཐུན་མོང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་གར་སོང་ཆ་མེད་བཏང་བར་མུ་མཐུད་མྱ་ངན་ཐུགས་འཚབ་གནང་རྒྱུ་མཚོན། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ཡིག་ལ་བརྩི་སྲུང་དང་པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་བཅས་འཕྲལ་དུ་གློད་བཀྲོལ་སླད་གནོན་ཤུགས་བསྟུད་མར་སྤྲད་པར་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོས་རྒྱ་ནག་གཞུང་ནས་བོད་མིའི་གཞི་རྩའི་རང་དབང་ལ་བརྩི་སྲུང་བྱས་ཐོག་བོད་ཀྱི་ཆོས་ཕྱོགས་དབུ་ཁྲིད་དང་དབང་ཐང་ཆེ་བའི་མི་སྣ་རྣམས་གར་སོང་ཆ་མེད་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཇི་སྲིད་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐོར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་ཀྱིས་ཁོང་དང་ནང་མི་སྐུ་འཁོར་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་མཆོག་བཅས་གློད་བཀྲོལ་མ་གཏང་བར་དེ་སྲིད་དུ་ང་ཚོས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་བོད་མིའི་ཆོས་དད་རང་དབང་ལ་སྣང་ཆུང་བཏང་བ་ཐེར་འདོན་ཆེད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མུ་མཐུད་ཞུ་གཏུག་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།