23
Tue, Apr

བོད་རང་དབང་སླར་གསོར་རྒྱབ་སྐྱོར་ཐོབ་ཆེད་བོད་མི་ཐུབ་བསྟན་ཉི་མ་ལགས་ཀྱིས་ལོ་གཅིག་གི་རིང་བོད་དོན་གྱི་ལས་འགུལ་སྤེལ་འགོ་བཙུགས་སྐབས། པར།་བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༡༡་ཉིན་སྤེལ། ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གིས་བོད་རང་དབང་སླར་གསོར་རྒྱབ་སྐྱོར་ཐོབ་ཆེད་དང་རྒྱལ་སྤྱིའི་མི་མང་ལ་བོད་དོན་སྐོར་གོ་རྟོགས་སྤེལ་ཆེད། ཨ་རིར་གནས་སྡོད་བོད་མི་ཐུབ་བསྟན་ཉི་མ་ལགས་ཀྱིས་ལོ་གཅིག་གི་རིང་བོད་དོན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

དེ་ཡང་། འདི་ལོའི་ཕྱི་ཟླ་༣་ཚེས་༡༠་ཉིན་ལ་བོད་མི་ཐུབ་བསྟན་ཉི་མ་ལགས་ཀྱིས་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་མངའ་སྡེ་པན་སི་ཝེ་ནེ་ཡའི་ཧྥི་ལ་ཌ་ཧྥེ་ཡར་ཡོད་པའི་རང་བཙན་ཚོགས་ཁང་ཆེན་མོའི་ (Independence Hall) མདུན་དུ་བོད་དོན་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་རྣམས་ཀྱིས་བོད་རང་དབང་སླར་གསོར་རྒྱབ་སྐྱོར་ཡོང་བའི་ཞུ་འབོད་དང་། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་བོད་ཀྱི་བདེན་དོན་བོད་རང་དབང་རང་བཙན་ལ་རྒྱབ་སྐྱོར་གནང་བའི་འབོད་སྐུལ། དེ་བཞིན་རྒྱལ་སྤྱིའི་མི་མང་ལ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ལོ་གཅིག་རིང་སྤེལ་རྒྱུ་ཡིན་པ་དང་། ཟླ་བ་རེའི་བདུན་ཕྲག་རེར་ཉིན་ལྔ་རེ་དང་། ཉིན་རེར་ཆུ་ཚོད་གཉིས་རེར་སྤེལ་རྒྱུ་ཡིན་འདུག

ཁོང་གིས་ཨ་རི་གཙོས་པའི་རྒྱལ་ཁབ་ལ་ཞུ་འབོད་དང་རྒྱ་ནག་ལ་དགོས་འདུན་ཁག་ཅིག་བཏོན་འདུག དང་པོ། བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པས། བོད་དུ་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་དང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་གནང་རོགས། གཉིས་པ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས། གསུམ་པ། བོད་མིའི་རང་དབང་སྒེར་ལངས་དང་། རང་ལུས་མེར་སྲེག་གི་གཙོས་བོད་དོན་འཐབ་རྩོད་ཀྱི་དགོས་འདུན་དང་། རྩ་དོན་གཙོ་བོ་གང་ཡིན་སྐོར་ཨ་རིའི་གྲོས་ཚོགས་ནས་ཉན་ཞིབ་བརྒྱུད། བོད་མིའི་རྩ་དོན་ངོ་མ་དེ་འགྲུབ་པར་ཨ་རིའི་གཞུང་མང་གིས་བདེན་རྒྱབ་གནང་རོགས། བཞི་པ། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས། ལོ་རྒྱུས་ཐོག་རང་བཙན་ཡིན་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱི་གསང་བ་རྐུ་འཁྱེར་དང་། སིམ་འཛུལ་གྱིས་རྒྱལ་སྤྱིའི་རང་དབང་དམངས་གཙོ་དང་། བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ཀྱི་ཉེན་ཁ་ལ། ངེས་པར་དོ་འཁུར་དང་འགོག་གནོན་དགོས། ཞེས་བཀོད་འདུག

ལས་འགུལ་བ་ཐུབ་བསྟན་ཉི་མ་ལགས་ཀྱིས་བོད་དོན་གོ་རྟོགས་ཀྱིས་ལས་འགུལ་གྱི་གསལ་བསྒྲགས་ནང་དུ་འདི་ལྟར་འཁོད་དོན། ལོ་རྒྱུས་ཐོག་བོད་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་། སྤྱི་ལོ ༡༩༤༩ ལོར་དགྲ་བོ་རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱ་འགོ་བཙུགས་ཏེ། སྤྱི་ལོ ༡༩༥༡།༥།༢༣ ཉིན་རྒྱ་ནག་གི་མེ་མདའ་དང་དམག་དཔུང་གི་འཇིགས་སྐུལ་འོག གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་ངོས་ལེན་གྱིས་མིང་རྟགས་མ་བཀོད་ཀ་མེད་བྱུང་ནས། དེ་ལྟར་བོད་ཀྱི་བདག་དབང་ལ་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ། ད་དུང་བོད་མུ་མཐུད་རྒྱ་ནག་གིས་བཙན་བཟུང་བྱེད་བཞིན་པ་མ་ཟད། བོད་ནི་མུ་མཐུད་འཛམ་གླིང་གི་བཙན་གནོན་ཆེ་ཤོས་མྱོང་བཞིན་པའི་གནས་བབས་འོག བོད་ཀྱི་སྣོད་བཅུད་ཡོངས་ལ་བཤུ་གཞོག་གཏོར་བཅོམ་དང་། བོད་མི་ས་ཡ་གཉིས་ལྷག་གི་ཚེ་སྲོག་འཕྲོགས་ཡོད་ཅིང་། ད་བར་རྒྱ་ནག་ལ་ངོ་རྒོལ་ཆེད་དུ། བོད་མི་བརྒྱ་དང་དྲུག་ཅུ་ལ་ཉེ་བས་རང་ལུས་མེ་རུ་བསྲེགས་དགོས་པའི་གནས་སྟངས་བྱུང་ཡོད། ཅེས་དང་།

དེང་སྐབས་ཁྱོན་ཡོངས་ནས་རྒྱ་ནག་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་ཇུས་ཁ་ཇེ་གསལ་དང་། བོད་མིར་བཙན་གནོན་དམ་དྲག་ཇེ་ཆེའི་གནས་སུ་ལུས་ཅིང་། ལྷ་ས་གཙོས་བོད་ས་ཡོངས་ལ་ལོ་མང་གོང་ནས་ལྟ་སྲུང་བྱེད་པའི་བརྙན་མིག་པར་ཆས་བཙུགས་ནས། མི་སྒེར་རེ་རེའི་འགྲོ་སྡོད་ལ་ཚོད་འཛིན་དམ་དྲག་བྱེད་པ་དང་། བོད་སྐད་ཡིག་སྦྱང་སྤྱོད་ལ་དམ་དྲག བོད་མིའི་རིགས་རྫས་བསྡུ་ལེན་སོགས། མུ་མཐུད་ཛ་དྲག་གི་གནས་སུ་ཡོད། ཅེས་དང་།

སྤྱི་ལོ་༢༠༠༨ ལོའི་པེ་ཅིང་ཨོ་ལོམ་པེག་གི་རྗེས་སུ་བོད་ཁྱོན་ཡོངས་དང་ལྷག་པར་ས་མཚམས་ཁག་ལ་སྔར་བས་དམ་དྲག་ཆེ་རུ་བཏང་བས། བོད་མི་སྐྱབས་བཅོལ་དུ་ཡོང་ཐུབ་མཁན་ཧ་ཅང་ཇེ་ཉུང་དུ་སོང་བ་དང་། རྒྱ་མིའི་མི་འབོར་སྤོ་ཤུགས་ཇེ་མང་དུ་སོང་བས། བོད་མི་ཚོའི་ལས་ཀ་དང་འཚོ་བ་ལ་གོ་སྐབས་ཇེ་ཉུང་དུ་འགྲོ་བ་མ་ཟད། བོད་མིའི་སྐད་ཡིག་དང་གཤིས་སྤྱོད་རྒྱ་ནག་ཅན་དུ་འགྱུར་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། བོད་མིར་དབང་བའི་ལོ་རྒྱུས་ཀྱི་བདག་དབང་དང་། བོད་རྩ་མེད་ལས་འགྲོ་བཞིན་པའི་ཉེན་ཁ་ལས་སྐྱོབ་ཐབས་ཉག་གཅིག་ནི། བོད་རང་བཙན་སླར་གསོ་བྱ་རྒྱུ་ཁོ་ན་དེ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་དང་། ལྷག་པར་འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་རྒྱ་དཀར་ནག་བར་དམག་གི་གདོང་ཐུག་ལས་སྐྱོབ་པའི་ཐབས་ལམ་ཡག་ཤོས་དེ་ཡང་བོད་རང་བཙན་སླར་གསོ་དགོས་པ་དེ་ཆགས་ཡོད། ཅེས་བཀོད་འདུག

ཐུབ་བསྟན་ཉི་མ་ལགས་ནི། ཧྥི་ལ་ཌ་ཧྥེ་ཡའི་གཟའ་མཇུག་བོད་སློབ་གསར་འཛུགས་མཁན་དང་། སློབ་སྤྱི། སྔ་རྗེས་ལན་མང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་སྔ་རྗེས་བོད་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་བཅས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།