16
Tue, Apr

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛི་རཱ་ཛེ་ཡ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༢་ཚེས་༢༤ཉིན་སྤེལ། བོད་ཀྱི་ལོ་གསར་སྐབས་དང་བསྟུན་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)་ལགས་ཀྱིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞུས་ཡོད་པ་དང་། ཨ་རི་གཞུང་ནས་མུ་མཐུད་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཐད་རོགས་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེ་ཡང་། བོད་རྒྱལ་ལོ་༢༡༥༠ རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་ཚེས་༡་ཕྱི་ཟླ་༢་ཚེས་༢༡་ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)་གཙོས་པའི་ཨ་རིའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། དེ་བཞིན་ཁེ་ཎ་ཌ་དང་ཡུ་རོབ། ཉི་ཧོང་། རྒྱ་གར། ཐེ་ཝན་བཅས་ཀྱི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། སྤྱི་ཁྱབ་བློན་ཆེན་སོགས་ཀྱིས་བོད་ཀྱི་ལོ་གསར་ལ་བོད་མི་དང་ཧི་མ་ལ་ཡའི་མི་རིགས་ལ་ལོ་གསར་ཡི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། བོད་ཀྱི་བདེན་མཐའ་མྱུར་སེལ་ཡོང་བར་རོགས་འདེགས་ཞུ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ལོ་གསར་ཚེས་གཉིས་ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༠་ལོ་ནས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འདི་ལོའང་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་ཞུས་ནས་སྲུང་བརྩི་ཞུས་ཡོད་འདུག སྐབས་དེར། སྐུ་མགྲོན་གཙོ་བོ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛི་རཱ་ཛེ་ཡ(Uzra Zeya)་ལགས་ཡིན་པ་དང་། དེ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་དང་། གནད་ཡོད་མི་སྣ། གཞུང་ཚབ་ཁང་གི་མི་སྣ། བོད་ཀྱི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་གནང་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)་ལགས་ཀྱིས་བརྙན་ཐུང་བརྒྱུད་ནས་གཏམ་བཤད་གནང་དོན། བོད་ཀྱི་ལོ་གསར་ལ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་ཨ་རིའི་ནང་དུ་ཡོད་པའི་བོད་མི་༢༦༠༠༠་གཙོས་པའི་འཛམ་གླིང་གང་ས་བཞུགས་པའི་བོད་པ་ཚོའི་བརྩོན་འགྲུས་དང་བྱམས་བརྩེ། ནུས་ཤུགས་བཅས་ལ་ཡི་རངས་དང་རྟེན་འབྲེལ་ཞུ། ཨ་རིའི་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཐད་མུ་མཐུད་ནས་རོགས་སྐྱོར་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་འདུག

དེ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཛེ་ཡ་ལགས་ཀྱིས་བོད་མི་རྣམས་ལ་ལོ་གསར་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་དང་། ཁོང་མོས་འདས་པའི་ལོ་གཅིག་གི་རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་རྒྱ་གཞུང་ལ་དེ་དག་སྲུང་སྐྱོབ་དགོས་སྐོར་བརྗོད་ཡོད་པ་དང་། དེ་བཞིན་བོད་ཀྱི་གནད་དོན་སྐོར་རྒྱལ་སྤྱིའི་ཐོག་དང་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་དང་གནད་ཡོད་མི་སྣར་འགྲེལ་བརྗོད་གནང་ཡོད་སྐོར། ཁོང་མོས་མུ་མཐུད་ནས་བོད་ཀྱི་གནད་དོན་ཐད་ཤུགས་སྣོན་རྒྱག་རྒྱུ་སྐོར་སོགས་བརྗོད་འདུག

གཞན་ཡང་། བོད་ཀྱི་ལོ་གསར་གྱི་ཚེ་གཅིག་ལ་ཨ་རི་གཙོས་པའི་རྒྱལ་ཁབ་ཁེ་ཎ་ཌ་དང་། དབྱིན་ཇི། ཉི་ཧོང་། རྒྱ་གར། ཐེ་ཝན་སོགས་ཀྱི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ལོ་གསར་ལ་འཚམས་འདྲི་ཞུས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།