19
Fri, Apr

བོད་ཀྱི་གངས་རི། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༠༡ ཚེས་༣༡ ཉིན་སྤེལ། ཉེ་ཆར་འཇར་མན་དུ་རྟེན་གཞི་བྱས་པའི་པོ་སི་ཌམ་(potsdam)གནམ་གཤིས་ཤུགས་རྐྱེན་ཞིབ་འཇུག་བསྟི་གནས་ཁང་གི་ཚན་རིག་པ་ཁག་ཅིག་གིས་ཨ་མ་ཛོན་ནགས་ཚལ་དང་བོད་མཐོ་སྒང་གི་གནམ་གཤིས་ཀྱི་འགྱུར་ལྡོག་ཐད་སྙན་ཐོ་ཞིག་བཏོན་ཡོད་པ་དང་། དེའི་ནང་དུ་ཨ་མ་ཛོན་ཆར་བའི་ནགས་ཚལ་གྱི་ཚ་དྲོད་འཕེལ་སྐབས། བོད་མཐོ་སྒང་གི་ཚ་དྲོད་འཕེལ་བཞིན་ཡོད་པ་དང་། ཨ་མ་ཛོན་ཆར་བའི་ནགས་ཚལ་ལ་ཆཪ་བ་འབབ་ཚད་མང་དུ་འགྲོ་སྐབས། བོད་མཐོ་སྒང་ལ་ཁ་བ་འབབ་ཚད་ཉུང་དུ་འགྲོ་བར་བརྗོད།

ཨ་མ་ཛོན་ཆར་བའི་ནགས་ཚལ་ནི། “སའི་གོ་ལའི་གློ་བ”ཞེས་བརྗོད་སྲོལ་ཡོད་ཅིང་། བྷར་ཟི་རྒྱལ་ཁབ་ཀྱི་བྱང་ནུབ་ནས་ཁོ་ལོམ་བྷེ་ཡ་དང་། པེ་རུ། ད་དུང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་འགའི་ནང་དུ་ཁྱབ་ཡོད་པའི་འཛམ་གླིང་གི་ཆེས་ཆེ་བའི་ཚ་ཁུལ་གྱི་ཆར་བའི་ནགས་ཚལ་ཆེ་ཤོས་དེ་ཡིན།

བོད་མཐོ་སྒང་ནི། “ཨེ་ཤེ་ཡའི་ཆུ་མཛོད་ཆེན་མོ”ཞེས་བརྗོད་པ་ལྟར། ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་འཐུང་ཆུར་གྱུར་པའི་ཁ་འབབ་རྣམ་བཞི་དང་། རྨ་ཆུ། འབྲི་ཆུ་སོགས་གཙང་པོ་མང་པོ་ཞིག་གི་འབྱུང་ཁུངས་ངོ་མ་དེ་ཡིན།

དེ་ཡང་། ཟླ་འདི་ཚེས་༢༦ཉིན། འཇར་མན་དུ་རྟེན་གཞི་བྱས་པའི་པོ་སི་ཌམ་(potsdam)གནམ་གཤིས་ཤུགས་རྐྱེན་ཞིབ་འཇུག་བསྟི་གནས་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མ་ཛོན་ཆར་བའི་ནགས་ཚལ་(Amazon rainforest)དང་བོད་མཐོ་སྒང་གཉིས་སའི་གོ་ལའི་གནས་མ་འདྲ་བར་ཡོད་ཀྱང་། ཨ་མ་ཛོན་ཆར་བའི་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ལ་འགྱུར་བ་བྱུང་བར་བརྟེན་ནས། བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་སྐོར་བརྗོད་འདུག

ཚ་དྲོད་ཀྱི་ཆ་ནས་བཤད་ན། ཨ་མ་ཛོན་ཆར་བའི་ནགས་ཚལ་གྱི་ཚ་དྲོད་འཕེལ་བ་དང་བསྟུན་ནས། བོད་མཐོ་སྒང་གི་ཚ་དྲོད་ཀྱང་དེ་བཞིན་གྱིས་འཕེལ་བཞིན་ཡོད་པ་དང་། ཆར་བ་འབབ་ཚད་དང་ཁ་བ་འབབ་ཚད་ཀྱི་ཆ་ནསབཤད་ན། ཨ་མ་ཛོན་ཆར་བའི་ནགས་ཚལ་ལ་ཆཪ་བ་འབབ་ཚད་མང་དུ་འགྲོ་བའི་སྐབས་སུ། བོད་མཐོ་སྒང་ལ་དེ་ལས་ལྡོག་སྟེ་ཁ་བ་འབབ་ཚད་ཉུང་དུ་འགྲོ་བཞིན་པ་ཤེས་རྟོགས་བྱུང་འདུག ད་དུང་། ས་ཐག་རིང་ཐུང་གི་ཐད་ནས་བཤད་ན། དེ་གཉིས་ཀྱི་བར་ལ་སྤྱི་ལེ་ཉིས་ཁྲི་ཡིས་བར་ཐག་གིས་ཆོད་ཡོད་ཀྱང་། གནམ་གཤིས་ཀྱི་འགྱུར་བའི་ཕྱོགས་ནས་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་བསྟི་གནས་ཁང་དེའི་ཚན་རིག་པ་གསུམ་གྱིས་གསར་རྟོགས་བྱུང་ཡོད་ཚུལ་གསལ་འདུག

འཇར་མན་དུ་རྟེན་གཞི་བྱས་པའི་པོ་སི་ཏོན་གནམ་གཤིས་ཤུགས་རྐྱེན་ཞིབ་འཇུག་བསྟི་གནས་ཁང་ནས་ཡིན་པའི་ཚན་རིག་པ་གསུམ་གྱིས་ལོ་ངོ་བཞི་བཅུའི་རིང་ལ་ས་ཁུལ་དྲུག་སྟོང་ལྔ་བརྒྱའི་ཚ་དྲོད་ཀྱི་འགྱུར་བ་ལ་བརྟག་དཔྱད་བྱས་པར་བརྟེན་ནས། ཁོ་ཚོས་ས་ཁུལ་གཅིག་གི་ཚ་དྲོད་ཀྱི་འགྱུར་བས་ས་ཁུལ་གཞན་གྱི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ཤེས་འདུག་ལ། དེ་ནས་ལྷོ་ཨ་མེ་རི་ཁ་དང་ལྷོ་ཨ་ཧྥི་རི་ཁ་ནས། དཀྱིལ་ཤར་ཨེ་ཤེ་ཡ་དང་མཐར་བོད་མཐོ་སྒང་བར་ཏེ། ཁྱོན་སྤྱི་ལེ་ཉིས་ཁྲི་ལྷག་གི་བར་གྱི་ཕན་ཚུན་ལ་ཐེབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་དང་། དེར་བརྟེན་བྱུང་བའི་གནམ་གཤིས་ཀྱི་འགྱུར་བ་བཅས་ཤེས་རྟོགས་བྱུང་འདུག

ཨ་མ་ཛོན་ཆར་བའི་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ནི། དེ་གའི་ཤིང་ནགས་གཅོད་འབྲེག་དང་། འགྲོ་ལམ་འཛུགས་སྐྲུན། ཚ་དྲོད་འཕེལ་བ་བཅས་ཡིན་པ་དང་། མ་འོངས་པར་དེ་ལས་ཀྱང་ཉམས་རྒུད་དུ་འགྲོ་ངེས་པར་བརྗོད་ཅིང་། སའི་གོ་ལའི་ས་ཁུལ་གང་སའི་སྐྱེ་ཁམས་མ་ལག་རྣམས་ཕན་ཚུན་དུ་རྒྱང་ཐག་ཇི་ལྟར་རིང་ཡང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དང་། དེའི་དཔེ་མཚོན་ཡག་ཤོས་ནི། ཨ་མ་ཛོན་ཆར་བའི་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་གིས་འཛམ་གླིང་གི་ས་ཁུལ་གཞན་གྱི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་འདི་ཡིན་སྐོར་བརྗོད་འདུག

ད་དུང་། ཚན་རིག་པ་དེ་ཚོས་བོད་མཐོ་སྒང་གི་ཁ་བའི་མཐུག་ཚད་ལ་ཞིབ་འཇུག་བྱས་པ་ལྟར་ན། ཕྱི་༢༠༠༨ ནས་བཟུང་སྟེ། བོད་མཐོ་སྒང་གི་བརྟན་ཆའི་རང་བཞིན་ཉམས་བཞིན་ཡོད་པ་དང་བོད་མཐོ་སྒང་གི་གནམ་གཤིས་ཀྱི་གནས་བབ་འགྱུར་མཚམས་སུ་ཐོན་ཡོད་པའང་ཤེས་རྟོགས་བྱུང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།