05
Sun, Feb

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཕྱི་ལོ་༢༠༢༣་གྱི་ལོ་འཁོར་སྙན་ཐོ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༡ ཚེས་༡༣ ཉིན་སྤེལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་འཛམ་གླིང་རྒྱལ་ཁབ་དང་ས་གནས་བརྒྱ་ལྷག་གི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་བཏོན་ཡོད་འདུག སྙན་ཐོ་དེའི་ནང་དུ་རྒྱ་གཞུང་གིས་བོད་ནང་མུ་མཐུད་ནས་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འགྲོ་འོང་རང་དབང་། འདུ་འཛོམས་རང་དབང་བཅས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག ཅེས་འགྲེལ་བརྗོད་བྱས་འདུག

དེ་ཡང་། ཟླ་འདིའི་ཚེས་༡༢་ཉིན། ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཐེངས་སོ་གསུམ་པ་དེ་བཏོན་པ་ལྟར་ན། རྒྱ་གཞུང་གིས་མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྐོར་བཀོད་འདུག་ཅིང་། སྙན་ཐོ་དེའི་ནང་དུ་བོད་དང་། རྒྱ་ནག །ཧོང་ཁོང་སོགས་རྒྱལ་ཁབ་དང་ས་གནས་བརྒྱ་ལྷག་གི་ཕྱི་ལོ་༢༠༢༢ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བཀོད་ཡོད་འདུག

སྙན་ཐོ་དེའི་ནང་དུ་བོད་དང་འབྲེལ་བའི་སྐོར་ནས། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་སུ་ཆོས་ལུགས་དང་། སྨྲ་བརྗོད། འགྲོ་འོང་། འདུ་འཛོམས་བཅས་ཀྱི་རང་དབང་ལ་མུ་མཐུད་ནས་བཀག་སྡོམ་ནན་མོ་བྱེད་པར་མ་ཟད། གཞི་རྒྱ་ཆེ་བའི་གནས་སྤོ་དང་། ཁོར་ཡུག་གཏོར་བརླག སློབ་ཆུང་གི་བསླབ་གཞི་རུ་བོད་སྐད་ཡིག་མེད་པར་བཟོ་བ་སོགས་དང་། མང་ཚོགས་ཀྱི་ངོ་རྒོལ་ལ་གཉའ་གནོན་དྲག་པོའང་བྱས་དང་བྱེད་བཞིན་པ་མ་ཟད། ད་དུང་། གོང་རིམ་ནས་ས་གནས་ཀྱི་ལས་བྱེད་ལ་བཀའ་བཏང་ནས། ཁྲིམས་སྲུང་གི་སློབ་གསོ་སྤྲོད་པ་དང་། མང་ཚོགས་ནང་ཁུལ་ནས་ཕན་ཚུན་རྩིས་སྤྲོད་བྱེད་མཁན་ལ་དགའ་རྟགས་སྤྲོད་པར་བྱེད། ཅེས་བཀོད་འདུག

ཡང་སྙན་ཐོ་དེ་རུ་རྒྱ་གཞུང་གིས་དྲ་རྒྱའི་བདེ་འཇགས་ལ་ཁ་གཡར་ནས་བོད་མི་འཛིན་བཟུང་བྱས་ཡོད་ཚུལ་བཀོད་པ་ལྟར་ན། རྒྱ་གཞུང་གིས་འདྲི་རྩད་ནན་མོ་བྱས་ནས། ཁ་པར་དུ‘བཀག་སྡོམ་པར་རིས’ཉར་བ་དང་། ‘དཀྲོག་གཏམ་ཁྱབ་བརྡལ’བྱས་པའི་བོད་མི་རྣམས་མུ་མཐུད་ནས་འཛིན་བྱེད་པར་མ་ཟད། དྲ་ཐོག་ནས་ཆོས་བཤད་དང་ཆོས་ལུགས་ཀྱི་བརྡ་ཁྱབ་ལའང་བཀག་སྡོམ་ཤུགས་ཆེན་བྱས་ཏེ། ཆོས་སྒར་དང་ཆོས་ལུགས་འཛིན་སྐྱོང་གི་ཐད་ལ་ལྟ་རྟོག་ནན་མོ་བྱེད། ཅེས་བཀོད་འདུག

ཡང་སྙན་ཐོ་དེ་རུ་རྒྱ་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་དང་ཆོས་ལུགས་རང་དབང་བརྩི་མེད་གཏོང་བའི་སྐོར་ནས། བོད་ཁམས་ཕྱོགས་ཀྱི་ས་གནས་ཁ་ཤས་སུ། གཞུང་ཕྱོགས་ནས་བཞེངས་སྐྲུན་གྱི་ཆོག་མཆན་ཐོབ་ཟིན་ཡོད་ནའང་། རྒྱ་གཞུང་གིས་སྟོན་པའི་སྐུ་བརྙན་དང་དགོན་པ་གཏོར་བཤིག་བཏང་བ་དང། བོད་ཀྱི་ཆོས་དང་རིག་གནས་ལ་འབྲེལ་བ་ཤུགས་ཆེན་ཡོད་མཁན་ཚོར་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་དོགས་ཟོན་གྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། དེ་དག་གི་ཁྲོད་དུ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་། རོང་བོ་དགེ་འདུན་ལྷུན་གྲུབ། ཐུབ་བསྟན་བློ་གྲོས་སོགས་ཡོད་ལ། ཟླ་གསུམ་པའི་ནང་དུ། གླུ་བ་གྲགས་ཆེན་ཚེ་དབང་ནོར་བུས་ཕོ་བྲང་པོ་ཏ་ལའི་མདུན་ནས་རང་སྲེག་གིས་ངོ་རྒོལ་བྱས། འདི་ནི་གྲོང་ཁྱེར་ནས་འཚར་ལོངས་པའི་བོད་མིས་རང་སྲེག་བྱས་པ་ཐོག་མ་དེ་གྱུར་ཡོད། ཅེས་བཀོད་འདུག

ད་དུང། ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་སྲིད་བྱུས་ཀྱི་འོག་ནས། རྒྱ་གཞུང་གིས་སྔར་ལས་ཀྱང་ཆོས་ལུགས་འཛིན་སྐྱོང་ལ་སྟངས་འཛིན་དང་། དམ་དྲག སྒྱུར་བཅོས་སོགས་བྱས་ཏེ། རྒྱ་གཞུང་གི་ལྟ་བ་དང་མཐུན་ཐབས་བྱེད་བཞིན་ཡོད་སྐོར་ཡང་གསལ་འདུག

གཞན་ཡང་། སྙན་ཐོ་དེ་རུ་བཀོད་དོན་ལྟར་ན། ༢༠༢༢ ལོར། རྒྱ་གཞུང་གིས་མུ་མཐུད་ནས་རྒྱ་ནག་གི་ས་ཁུལ་གང་སར་དྲག་གནོན་ཤུགས་བྱས་ཤིང་། ཞི་ཅིན་ཕིན་ནི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་ཐེངས་གསུམ་པའི་སྲིད་འཛིན་དུ་བསྡད་དེ། མོའོ་ཙེ་ཏུང་གི་རྗེས་ནས་དབང་ཆ་ཆེས་ཆེ་ཤོས་སུ་གྱུར་རྗེས། རྒྱ་ནག་ནང་ཁུལ་ནས་ཁོ་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་འབྱུང་བཞིན་ཡོད་སྐོར་ཡང་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།