23
Tue, Apr

ཕྱི་ལོ་༢༠༢༢ཟླ་༡༢ཚེས་༡༤ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ལས་འགུལ་བ་ཁག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག པར། སུད་སུ་དོན་གཅོད།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ཟླ་༡༢ཚེས་༡༤ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། བོད་དོན་ལས་འགུལ་བ་ཁག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྟོག་ཞིབ་དང་སྙན་ཐོ་འདོན་སྤེལ་བྱེད་དགོས་པའི་དོན་ཚན་ལྔ་ཅན་གྱི་ཞུ་ཡིག་ཞིག་ཕུལ་ཡོད་འདུག

དེ་ཡང་། ཕྱི་ལོ་༢༠༡༡་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་མི་མང་འགྲེལ་བཤད་དང་། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་རྩ་མེད་བཏང་དང་གཏོང་བཞིན་པར་ རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་ཆེད་བཅས་ཀྱི་སླད་དུ། སུད་སིར་གནས་སྡོད་དཀོན་མཆོག་ལགས་དང་། ཚེ་རིང་རྒྱལ་པོ་ལགས། ངག་དབང་དཔལ་ལྡན་ལགས། བཀྲ་ཤིས་ལྷ་མོ་ལགས། ཆོས་སྒྲོན་ལགས་བཅས་བོད་མི་ཁྱིམ་ཚང་ལྔ་ནས་སུད་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ལས་འགུལ་སྤེལ་འགོ་བརྩམས་ཡོད་འདུག

ཕྱི་ལོ་༢༠༡༢ ཟླ་བ་ ༡༢ ཚེས་ ༡༠ ཉིན་ནས་ཕྱི་ལོ་༢༠༢༢་བར་མི་ལོ་༡༠་ཡི་རིང་། བོད་མི་ཁྱིམ་ཚང་ལྔས་རེས་གཟའ་ལྷག་པ་ནམ་ཡིན་ལ་༸གོང་ས་མཆོག་གི་༧སྐུའི་བླ་གཟའ་དང་བསྟུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་དང་སུད་སིའི་རྒྱལ་དར། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་དར་ཆ་སྒྲེང་འཛུགས་བྱས་ཏེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། རྒྱལ་ཚོགས་ནས་བོད་ནང་གི་གནས་སྟངས་ལ་རྟོག་ཞིབ་བྱེད་དགོས་པ། དེ་བཞིན་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

དེ་ཡང་། ཕྱི་ལོ་༢༠༢༢ ཟླ་བ་༡༢ ཚེས་༡༤ཉིན། བོད་མི་ཁྱིམ་ཚང་ལྔ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་གི་བོད་མི་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་ནས་ལོ་ངོ་ཧྲིལ་པོ་བཅུ་འཁོར་བཞིན་པ་དང་བསྟུན། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་སུད་སི་དོན་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཆེད་ཕེབས་ཀྱིས་བོད་མི་ཁྱིམ་ཚང་ལྔ་ལ་ཁ་བཏགས་རེ་ཕུལ་ཏེ་ཁོང་རྣམ་པས་བོད་མིའི་རང་དབང་ཆེད་དུ་ལས་འགུལ་སྤེལ་བཞིན་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུས་གནང་འདུག

བོད་མི་ཁྱིམ་ཚང་ལྔའི་བོད་དོན་ལས་འགུལ་བ་ཚོས་བོད་ནང་རང་དབང་མ་ཐོབ་བར་དུ་ལས་འགུལ་མུ་མཐུད་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་འདུག དེ་ནས་བོད་མི་ཁྱིམ་ཚང་ལྔ་དང་སུད་སི་སྐུ་ཚབ་དོན་གཅོད་ཁང་ཐུན་མོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ཊར་ཀི་(Volker Turk) མཆོག་གི་མཚན་ཐོག་ཏུ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་རེ་སྐུལ་ཞུ་ཡིག་དོན་ཚན་ལྔ་ཅན་ཞིག་ཕུལ་ཡོད་འདུག

ཞུ་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་ངོས་ནས། རྒྱ་ནག་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་གསལ་ཐབས་དགོས་པའི་འབོད་སྐུལ་གནང་དགོས་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་མཚམས་འཇོག་དགོས་པ། བོད་མི་རྣམས་ལ་བོད་མིའི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་དུ་འཇུག་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་བོད་པའི་ཕྲུ་གུ་རྣམས་ཕ་མ་དང་བཙན་དབང་ངང་ནས་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་སློབ་གྲྭ་ཁག་ཏུ་གཏོང་བཞིན་པ་མཚམས་འཇོག་དང་། བོད་པའི་ཕྲུ་གུ་རྣམས་ལ་བོད་ཡིག་སྦྱོང་དུ་འཇུག་དགོས་པ། རྒྱལ་ཚོགས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་རྟོག་ཞིབ་ཀྱི་གྲོས་གཞིའི་ནང་བོད་དོན་སྐོར་འཇུག་ཐབས་དང་། དེ་དང་ཆབས་ཅིག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་སྙན་ཐོ་འདོན་སྤེལ་གནང་དགོས་པ་བཅས་འཁོད་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།