19
Fri, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༡༤་སྤེལ། ཉེ་ཆར་ཐེ་ཝན་སྲིད་གཞུང་གིས་ཨ་རིའི་གཞུང་ལ་སྐུ་ཚབ་ལས་ཁུངས་ཀྱི་མིང་བསྒྱུར་རྒྱུ་རེ་སྐུལ་ཞུས་པ་ལྟར། ཨ་རི་གཞུང་གིས་ཐེ་ཝན་སྐུ་ཚབ་ལས་ཁུངས་ཀྱི་མིང་བསྒྱུར་རྒྱུར་བསམ་ཞིབ་བྱེད་བཞིན་ཡོད་པར་རྒྱ་གཞུང་གིས་དེར་སྐྱོན་བརྗོད་བྱས་འདུག

དེ་ཡང་། ཨ་རིར་ཡོད་པའི་ཐེ་ཝན་གྱི་སྐུ་ཚབ་ལས་ཁངུས་ཀྱི་མིང་ལ་ཐེ་པེ་རིག་གཞུང་དང་དཔལ་འབྱོར་ལས་དོན་ཁང་ཞེས་བརྗོད་ཀྱི་ཡོད་པ་དང་། དེར་ཐེ་ཝན་སྐུ་ཚབ་ལས་ཁུངས་ཞེས་མིང་བསྒྱུར་རྒྱུའི་རེ་བ་བཏོན་ཡོད་འདུག བྷན་ཌན་སྲིད་གཞུང་གིས་དེར་བསམ་ཞིབ་ནན་པོ་བྱེད་བཞིན་ཡོད་འདུག དེར་རྒྱ་གཞུང་གིས་ཨ་རིར་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཐེ་གཏོགས་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག

བརྒྱུད་ལམ་ཁག་ནས་བརྗོད་པ་ལྟར་ན། ཨ་རི་གཞུང་གིས་ད་བར་ཐེ་ཝན་ལ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་པ་དང་། ཐེངས་འདིའང་ཨ་རི་སྲིད་གཞུང་གིས་ཐེ་ཝན་གཞུང་གི་རེ་བ་ལྟར་སྐུ་ཚབ་ལས་ཁུངས་ཀྱི་མིང་བསྒྱུར་རྒྱུ་ཡིན་པ་དང་། དེ་ནི་ཨ་རི་གཞུང་གིས་རྒྱ་ནག་ལ་སྟོན་པའི་རྣམ་འགྱུར་ཞིག་འགྱུར་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་འདུག

འདི་ལོ་ཟླ་བདུན་པའི་ཟླ་མཇུག ཡོ་རོབ་རྒྱལ་ཁབ་ལི་ཐོ་ཝི་ཡའི་ནང་དུ་ཐེ་ཝན་སྐུ་ཚབ་ལས་ཁུངས་ཤིག་སྒོ་ཕྱེས་ཡོད་པ་དང་། དེ་ནི་ཡོ་རོབ་ནང་དུ་ཐེ་ཝན་སྐུ་ཚབ་ལས་ཁུངས་ཐོག་མ་དེ་ཡིན་འདུག སྐབས་དེར། རྒྱ་གཞུང་ཧ་ཅང་ཁོང་ཁྲོ་ལངས་ནས་རྒྱ་ནག་གི་སྐུ་ཚབ་ལས་ཁུངས་ཕྱིར་བསྡུ་བྱས་ཡོད་འདུག

ཉེ་ཆར་ཨ་རི་གཞུང་གིས་ཐེ་ཝན་ལ་ཨ་སྒོར་ས་ཡ་༧༥༠་རིན་ཐང་ལྡན་པའི་མེ་སྒྱོགས་རིགས་ཧོ་ཝི་ཛར་དང་དམག་མཁོའི་ཡོ་བྱད་བཅས་མཁོ་སྤྲོད་བྱ་རྒྱུར་མོས་མཐུན་བྱས་ཡོད་འདུག དེར་སླར་ཡང་རྒྱ་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་དང་ཐེ་ཝན་གནམ་ཐོག་རྒྱ་ནག་གི་དམག་གྲུ་འཕུར་བ་སོགས་བྱས་ནས་ཉེན་བརྡ་བཏང་འདུག

འོན་ཀྱང་། ཐེ་ཝན་གཞུང་གིས་མུ་མཐུད་ནས་རྒྱ་གཞུང་ལ་རྒོལ་ལན་སློག་བཞིན་ཡོད་ཅིང་། ཟླ་འདིའི་ཚེས་༡༣་ནས་ཉིན་ནས་ཉིན་ལྔ་ཡི་རིང་། ཐེ་ཝན་གྱིས་མཁའ་དམག་དང་། མཚོ་དམག་སོགས་བཏང་ནས་དམག་སྦྱོར་བྱེད་ཀྱི་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།