19
Fri, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༡༨ཉིན། ཨ་རི་ཕྱི་སྲིད་དྲུང་ཆེ་མཆོག་དང་རྒྱ་གཞུང་གི་ཕྱི་སྲིད་འགོ་ཁྲིད་ཁག་ཐོག་མར་ཐུག་འཕྲད་བྱས་སྐབས། རྒྱལ་ཁབ་ཕན་ཚུན་བར་གྱི་སྲིད་ཇུས་དང་བྱ་སྤྱོད་ཁག་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། གདོང་ཐུག་ཀྱང་ཤོར་ནས་ཚོགས་འདུ་ལེགས་པོ་མཇུག་སྒྲིལ་ཐུབ་མེད་པ་རེད་འདུག

དེ་ཡང་། གོང་ཚེས་ཉིན། ཨ་རིའི་མངའ་སྡེ་ཨཱ་ལཱ་སི་ཀའི་ནང་དུ་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)་མཆོག་དང་། རྒྱ་གཞུང་གི་ཕྱི་སྲིད་ཆེས་མཐོ་མི་སྣ་དབྱང་ཇི་ཁྲཱི་སོགས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལས་དོན་གྲོས་བསྡུར་ཆེད་ཐུག་འཕྲད་བྱས་ཡོད་འདུག འོན་ཀྱང་། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོ་མི་སྣ་ཁག་གིས་རྒྱལ་ཁབ་ཕུན་ཚུན་བར་གྱི་སྲིད་ཇུས་དང་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ནས་གྲོས་མོལ་མཇུག་སྒྲིལ་ལེགས་པོ་བྱུང་ཐུབ་མེད་པ་རེད།

ཐུག་འཕྲད་སྐབས། དྲུང་ཆེ་བྷི་ལིན་ཁེན་མཆོག་གིས་བརྗོད་དོན། ང་ཚོས་རྒྱ་གཞུང་གིས་ཡུར་གུ་དང་། ཧོང་ཀོང་། ཐེ་ཝན་བཅས་ཀྱི་ཐོག་བྱས་པའི་བྱ་སྤྱོད་དང་། ཨ་རི་ཐོག་དྲ་རྒྱ་བཙན་རྒོལ་དང་མནའ་འབྲེལ་རྒྱལ་ཁབ་ལ་དཔལ་འབྱོར་གྱིས་བཙན་སྐུལ་བྱེད་བཞིན་པ་བཅས་ལ་སེམས་ཁྲལ་ཡོད། རྒྱ་གཞུང་གི་བྱ་སྤྱོད་འདི་དག་རྒྱལ་སྤྱིའི་ཁྲིམས་ལ་ཉེན་ཁ་ཆགས་ཡོད། ཅེས་བརྗོད་འདུག

དེའི་རྗེས། རྒྱ་གཞུང་གི་ཕྱི་སྲིད་འགོ་ཁྲིད་དབྱང་ཇི་ཁྲཱི་ཡིས་ལན་འདེབས་བྱས་དོན། ཨ་རི་གཞུང་གིས་རྒྱ་ནག་ལ་འདི་ལྟར་བཤད་པའི་འོས་བབས་མེད། རྒྱ་ནག་ལ་འབྲེལ་བ་བྱེད་སྟངས་འདི་འདྲ་མ་རེད། ཨ་རི་གཞུང་གིས་དམག་ཤུགས་དང་དཔལ་འབྱོར་བེད་སྤྱོད་བཏང་ནས་རྒྱལ་ཁབ་གཞན་ལ་དྲག་གནོད་བྱེད་ཀྱི་ཡོད། ཅེས་སྐྱོན་བརྗོད་བྱས་ཡོད་འདུག

དེ་ནས་ཁོས་མུ་མཐུད་ནས་ཨ་རིའི་མང་གཙོ་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་། གྲང་ཉུང་མི་རིགས་ལ་ལྟ་སྐྱོང་ངན་པ་བྱེད་ཀྱི་ཡོད་སྐོར། ཨ་རིའི་ཕྱི་སྲིད་དང་ཚོང་འབྲེལ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་སྐབས། ཨ་རི་དང་རྒྱ་གཞུང་གི་མི་སྣ་གཉིས་ཀ་གདོང་ཐུག་ཤོར་ནས་ཚོགས་འདུ་ལེགས་པོ་མཇུག་སྒྲིལ་ཐུབ་མེད་པ་རེད་འདུག།

བོད་ཀྱི་ལོ་རྒྱུས་ཡིག་ཆ།