25
Thu, Apr

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)། པར། དྲུང་ཆེའི་འཕྲུལ་སྒྲ་ནས་བླངས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༡༦ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)ཉི་ཧོང་གཟིགས་སྐོར་དུ་ཕེབས་སྐབས། རྒྱ་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་སྐུལ་དང་དྲག་རྒོལ་བྱེད་བཞིན་པར་ཉེན་བརྡ་བཏང་ཡོད་མ་ཟད། གལ་སྲིད་རྒྱ་གཞུང་གིས་བཙན་སྐུལ་དང་དྲག་རྒོལ་བརྒྱུད་ནས་རང་དོན་སྒྲུབ་ཐབས་བྱས་ན་ཨ་རི་ནས་ཁ་གཏད་གཅོད་རྒྱུ་ཡིན། ཞེས་བརྗོད་འདུག

དེ་ཡང་། ཟླ་འདིའི་ཚེས་༡༥་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)དང་། ཨ་རི་བདེ་སྲུང་དྲུང་ཆེ་ལོ་ཌི-ཨོ་སུ་ཊིན(Lloyd Austin)རྣམ་གཉིས་ཉི་ཧོང་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་གཏོང་ཆེད་དང་། མཉམ་འབྲེལ་ལམ་ནས་རྒྱ་གཞུང་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་སྐོར་གྲོས་བསྡུར་བྱེད་ཆེད་སླེབས་ཡོད་འདུག

ཚེས་༡༦ཉིན། ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་མཆོག་གིས་རྒྱ་གཞུང་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་སྐུལ་དང་དྲག་རྒོལ་བྱེད་བཞིན་པར་ཉེན་བརྡ་བཏང་ཡོད་མ་ཟད། གལ་སྲིད་རྒྱ་གཞུང་གིས་བཙན་སྐུལ་དང་དྲག་རྒོལ་བརྒྱུད་ནས་ཁོ་ཚོའི་ལམ་དེ་འགྲོ་ཐབས་བྱས་ན་ང་ཚོས་ཁ་གཏད་གཅོད་རྒྱུ་ཡིན་ཞེས་དང་། རྒྱ་གཞུང་གིས་བོད་དང་ཡུར་གུ་ནང་དུ་འགྲོ་བ་མིའི་ཐོང་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དང་། ཧོང་ཀོང་། ཐེ་ཝན་གྱི་རང་དབང་ལ་གཏོར་བཤིག་གཏོང་གི་ཡོད་པར་ཨ་རི་གཞུང་ནས་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་ཡོད། ཅེས་བརྗོད་འདུག

ཨ་རི་དང་ཉི་ཧོང་གཉིས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་ནང་དུ། རྒྱ་གཞུང་གི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་། ཆབ་སྲིད། དཔལ་འབྱོར། དམག་དོན། འཕྲུལ་རིག་བཅས་ལ་མཐུན་གྱི་མེད་པ་མ་ཟད། དཀའ་ངལ་ཞིག་ཀྱང་ཆགས་ཡོད། ཅེས་བརྗོད་རྗེས། དེར་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐོག་གྲོས་བསྡུར་བྱས་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་ནང་དུ། ཨ་རི་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་དང་། ལྷོ་རྒྱ་ནག་རྒྱ་མཚོ། མནའ་འབྲེལ་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

དེའི་རྗེས། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་། བདེ་སྲུང་དྲུང་ཆེ་ལོ་ཌི-ཨོ་སུ་ཊིན་རྣམ་གཉིས་ལྷོ་ཀོ་རི་ཡར་ཕེབས་ཡོད་འདུག དེ་ནས་རྒྱ་གཞུང་གི་ཆེས་མཐོའི་འགོ་ཁྲིད་དང་ཐུག་འཕྲད་བྱ་རྒྱུ་ཡིན་སྐོར་བརྒྱུད་ལམ་ཁག་ན་གསལ་འདུག

གཞན་ཡང་། བདུན་ཕྲག་སྔོན་མར། ཨ་རི་དང་། རྒྱ་གར། ཨོ་གླིང་། ཉི་ཧོང་བཅས་ཀྱི་སྲིད་འཛིན་དང་སྲིད་བློན་རྣམས་དྲ་ཐོག་ནས་ཚོགས་འདུ་ཞིག་ཚོགས་ཡོད་འདུག སྐབས་དེར། མང་གཙོའི་རྒྱལ་ཁབ་ཁག་ལ་རྒྱ་གཞུང་ནས་དཔལ་འབྱོར་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་ཐོག་དཀའ་ངལ་སྤྲོད་བཞིན་ཡོད་པར་མཉམ་རུབ་ཐོག་ནས་གདོང་ལེན་ཇི་ལྟར་སྤྲོད་དགོས་མིན་སོགས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།