19
Fri, Apr

༢༠༢༠་ལོའི་ཟླ་༡་དང་༢་པའི་ནང་། ཎ་སཱ་བརྒྱབ་པའི་རྒྱ་ནག་གི་གནམ་གཤིས་འགྱུར་ལྡོག་གི་པར་རིས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༣༡་ཉིན་སྤེལ། འཛམ་གླིང་གང་སར་ཏོག་དབྱིབས་ནད་དུག་རྐྱེན་གྱིས་མི་རྣམས་རང་ཁྱིམ་དུ་བསྡད། ལས་གྲྭ་དང་ཚོང་གཉེར་ཁང་སོགས་སྒོ་བརྒྱབ་པ་དང་། དེ་བཞིན་འགྲུལ་སྐྱོད་བཀག་སྡོམ་བྱས་པའི་དབང་གིས་གནམ་གཤིས་བཟང་དུ་ཕྱིན་ཡོད་པར་ཚན་རིག་པས་འགྲེལ་བརྗོད་བྱས་འདུག

དེ་ཡང་། བྷི་བྷི་གསར་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཆེད། རྒྱལ་ཁབ་ཁག་གིས་མི་མང་རྣམས་ཁྱིམ་དུ་སྡོད་དགོས་པ་དང་། གནམ་དང་ཆུ། ས་སོགས་ཀྱི་འགྲུལ་སྐྱོད་བཀག་སྡོམ། ལས་གྲྭ་དང་། ཚོང་གཉེར་ཁང་སྒོ་བརྒྱབ་རྐྱེན། གནམ་གཤིས་ཡག་ཏུ་སོང་ནས་ནམ་མཁའ་སྔོ་སང་སང་གྱུར་ཡོད་པའི་གནས་ཚུལ་འདུག

དང་ཐོག ཏོག་དབྱིབས་ནད་དུག་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་ནས་རྒྱ་ནག་རྒྱལ་ཡོངས་ལ་ཁྱབ་སྐབས། རྒྱ་གཞུང་གིས་ཞིང་ཆེན་དང་གྲོང་ཁྱེར་རྣམས་སྒོ་བརྒྱབ་ནས་ས་དང་ཆུ་གནམ་སོགས་ཀྱི་འགྲུལ་སྐྱོད་བཀག་སྡོམ་བྱས། མི་རྣམས་རང་ཁྱིམ་སྡོད་དགོས་པའི་ཐེམ་སྤོང་བཀའ་རྒྱ་བཏང་། དེར་བརྟེན། རྒྱ་ནག་རྒྱལ་ས་པེ་ཅིང་གཙོས་པའི་གྲོང་ཁྱེར་མང་པོ་ཞིག་གནམ་གཤིས་ཡག་ཏུ་སོང་བ་དང་། ལོ་སྔོན་མའི་ཟླ་༢་དང་བསྡུར་ན་ད་ལོའི་ཟླ་༢་པའི་རླུང་གི་སྤུས་ཚད་ཡར་བརྒྱ་ཆ་ཉེར་གཅིག་བཟང་དུ་ཕྱིན་ཡོད་པར་རྒྱ་ནག་གི་ཁོར་ཡུག་དང་སྣོད་བཅུད་རིག་པ་སྡེ་ཚན་གྱི་བློན་ཆེན་གྱིས་བརྗོད་འདུག

གཞན། ཎ་ས(NASA)དང་ཡུ་རོབ་བར་སྣང་ལས་དོན་ཁང་(European Space Agency)གིས་འཁོར་སྐར(Satellite)་བརྒྱུད་ནས་ནམ་མཁའ་ནས། འདི་ལོའི་ཟླ་དང་པོ་དང་གཉིས་པ་རྒྱ་ནག་པེ་ཅིང་དང་ཧུ་པན་ཞིང་ཆེན་གྱི་པར་རིས་ལེན་ཡོད་འདུག པར་རིས་དེ་དག་གི་ནང་དུ་ཞིང་ཆེན་དེའི་ནང་ཟེ་རླུང་སྲོག་རླུང་གཉིས་ལྡན་འཕྲོ་གཏོང་(nitrogen dioxide emission)་ཧ་ཅང་ཉུང་དུ་ཕྱིན་ཡོད་འདུག དེ་དག་ནི་རྒྱུན་དུ་རླངས་འཁོར་དང་བཟོ་གྲྭ་ཡིས་གཏོང་བའི་བཙོག་རླུང་ཡིན་འདུག དེ་མ་ཟད། བཟོ་གྲྭ་དེ་ཚོ་གནས་པའི་ས་ཆ་དེ་དག་གི་མཁའ་དབྱིབས་སུ་རྒྱུན་དུ་འཁོར་བཞིན་པའི་དུག་རྫས་དེ་དག་མེད་པ་གྱུར་འདུག་ཟེར།

རྒྱ་ནག་ནི་འཛམ་གླིང་ཐོག་བཙོག་རླུང་གཏོང་མཁན་ཆེ་ཤོས་དེ་ཡིན་པ་དང་། ལོ་རེར་དབྱང་གཉིས་སོལ་འགྱུར་(Carbon dioxide)བརྒྱ་ཆའི་ཉི་ཤུ་གཏོང་གི་ཡོད་འདུག རྒྱ་ནག་ནང་ཏོག་དབྱིབས་ནད་དུག་རྐྱེན་གྱིས་རྒྱ་གཞུང་གིས་ཐེམ་སྤོང་བཀའ་རྒྱ་བཏང་བར་བརྟེན། འདིའི་ལོ་ཟླ་གཉིས་པ་དང་གསུམ་པ་བར་དབྱང་གཉིས་སོལ་འགྱུར་བརྒྱ་ཆའི་ཉེར་ལྔ་མར་ཆགས་ཡོད་འདུག འོན་ཀྱང་། ཏོག་དབྱིབས་ནད་དུག་མེད་པ་གྱུར་རྗེས། ལས་གྲྭ་དང་ཚོང་གཉེར་ཁང་སོགས་སླར་ཡང་སྒོ་འབྱེད་རྒྱུ་ཡིན་པ་བརྟེན། ནམ་མཁའ་ཡང་བསྐྱར་བཙོག་པོ་ཆགས་རྒྱུ་ཡིན་པ་ཁོར་ཡུག་ལས་འགུལ་བ་ཚོས་སེམས་ཁྲལ་བྱེད་བཞིན་འདུག

གཞན། ཏོག་དབྱིབས་ནད་དུག་གི་དབང་གིས་མི་རྣམས་རང་ཁྱིམ་དུ་སྡོད་དགོས་པ་དང་། གནམ་དང་ཆུ། ས་སོགས་ཀྱི་འགྲུལ་སྐྱོད་བཀག་སྡོམ། ལས་གྲྭ་དང་། ཚོང་གཉེར་ཁང་སྒོ་བརྒྱབ་པ་བཅས་ལ་བརྟེན་ནས། འདི་ལོའི་ཟླ་དང་པོ་དང་གཉིས་པའི་གནམ་གཤིས་རེའུ་མིག་ནང་། ཧོང་ཀོང་དུ་རླུང་གི་སྤུས་ཚད་ཡག་ཏུ་ཕྱིན་ཡོད་པར་ཧོང་ཀོང་སྤྱི་མང་འཕྲོད་བསྟེན་གཙུག་ལག་སློབ་གཉེར་ཁང་གིས་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཎ་སཱ(NASA)་ཡིས་འཁོར་སྐར་བརྒྱུད་ནས་ཡུ་རོབ་རྒྱལ་ཁབ་ཨི་ཊར་ལི་དང་། སི་པན། དབྱིན་ཇི། བཅས་ཀྱི་ནང་དུ་བཙོག་རླུང་ཉུང་དུ་ཕྱིན་པའི་པར་རིས་བསྟན་འདུག དེ་བཞིན་ཨ་རིའི་གྲོང་འཁྱེར་ནེའུ་ཡོག་ཏུ་བཙོག་རླུང་བརྒྱ་ཆ་ལྔ་བཅུ་ཉུང་དུ་ཕྱིན་འདུག

འོན་ཀྱང་། འདི་ནི་འཛམ་གླིང་ནང་དུ་བཙོག་རླུང་གློ་བུར་དུ་ཉུང་དུ་ཕྱིན་པའི་དུས་གཅིག་མིན། ལོ་རྒྱུས་ནང་དུ་ནད་ཡམས་ཚབས་ཆེན་པོ་འདི་འདྲ་བྱུང་དུས་ཐབས་ཤེས་ལེགས་ཤོས་ནི། ཐེམ་སྤོང་བྱེད་རྒྱུ་དེ་ཡིན་པ་དང་། དེའི་དུས་གནམ་གཤིས་བཟུང་དུ་དང་། བཙོག་རླུང་ཉུང་དུ་ཕྱིན་ཡོད་འདུག

ད་ཐེངས་ཏོག་དབྱིབས་ནད་དུག་རྐྱེན་གྱིས། རྒྱལ་ཁབ་མང་པོ་ཞིག་གིས་ཐེམ་སྤོང་བཀའ་རྒྱ་བཏང་ཡོད། དེར་བརྟེན། གནམ་གཤིས་འགྱུར་ལྡོག་ཕྱིན་ཡོད་པ་དང་། གྷི་ཊར་བྷ་ཁི་གཙོས་འཁོར་ཡུག་ལས་འགུལ་བ་ཚོས་འགྲོ་བ་མིའི་རིགས་ཀྱིས་གནམ་གཤིས་དང་ཁོར་ཡུག་ལ་ཤུགས་རྐྱེན་ག་ཚོད་ཐེབས་ཀྱི་ཡོད་མེད་ཐོག ཐེངས་འདི་ནས་ང་ཚོས་ངེས་པ་དུ་བསླབ་བྱ་ལེན་དགོས། གལ་སྲིད། ང་ཚོས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཐོག་འགྱུར་བ་གཏོང་འདོད་ཚེ། ང་ཚོར་ནུས་པ་ཡོད་པས་ངེས་པར་དུ་བསམ་གཞིགས་དང་ལག་ལེན་བསྟར་དགོས་འདུག ཅེས་འབོད་སྐུལ་ཞུས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།